ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་རགས་བརྟན་སྲུང་བྱས་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2021-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་བྱུང་ནགས་ཚལ་སྲུང་སྐྱོང་འདུ་འགོད་ལག་བསྟར་བྱས་པ་ནས་བཟུང་བདེ་ཆེན་ཁུལ་གྱི་ནགས་ཚལ་སྲུང་སྐྱོང་བྱེད་ཚད་དེ་"ལོ་ལྔ་ཚན་བཅུ་གཉིས་པའི་"་དུས་མཇུག་གི་75.03%ནས་2020ལོའི་ལོ་མཇུག་གི་77.63%བར་མཐོ་རུ་ཕྱིན་ལ། ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་2.57ནས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་2.7བར་མཐོ་རུ་ཕྱིན་ཡོད་པས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ནུས་པ་ཆེན་པོ་ཐེབས་ཡོད་པ་རེད། དག་གཙང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ཞེས་པའི་བྱ་སྤྱོད་ལག་བསྟར་བྱས་པས། སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་སོང་ཡོད་ལ། ལོ་ལྔ་ཚན་བཅུ་གསུམ་པའི་རིང་སྣོད་བཅུད་བཅོས་སྐྱོང་དང་ཉམས་གསོར་མགྱོགས་མྱུར་སྐུལ་འདེད་བཏང་ནས་གནམ་སྲུང་འདུ་འགོད་དང་བྱེ་རྡོ་ཅན་དུ་འགྱུར་བའི་མི་ཐབས་ལ་བརྟེན་ནས་ནགས་བཟོ་མུའུ་ཁྲི་7.4བྱས་པ་དང་རི་འགོག་ནགས་གསོ་མུའུ་ཁྲི་55.9བྱས་པ་དང་། ཕན་འབྲས་དམའ་བའི་ནགས་ཚལ་མུའུ་ཁྲི་30སྒྱུར་བཀོད་བྱས་ནས་དམངས་ཡོངས་ཀྱིས་འོས་འགན་ངང་ཤིང་རྐང་ཁྲི་1380བཙུགས་པ་དང་སྐྱས་སྤོས་རྩྭ་གསོ་མུའུ་ཁྲི་124.45བྱས་ནས་རྩྭ་ཐང་གི་སྣོད་བཅུད་སླར་གསོ་བཅོས་སྐྱོང་རྣམ་གྲངས་མུའུ་ཁྲི་6.93ལག་བསྟར་བྱས་ཡོད། གནམ་སྲུང་འདུ་འགོད་དོ་དམ་སྲུང་སྐྱོང་དང་ནགས་ཚལ་སྣོད་བཅུད་ཕན་འབྲས་ཁ་གསབ་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད། ཁུལ་དེ་ཡོངས་ཀྱིས་ཁྱོན་སྣོད་བཅུད་སྤྱི་ཕན་ནགས་ཚལ་གྱི་རྒྱ་ཁྱོན་མུའུ་ཁྲི་2650.61དབྱེ་འབྱེད་བྱས་པ་དེས་ནགས་ལས་ཐད་སྤྱོད་པའི་ས་ཆའི་རྒྱ་ཁྱོན་གྱི་93%བཟུང་ཡོད། ལོ་ལྔ་ཚན་བཅུ་གསུམ་པའི་རིང་རིམ་རྩིས་བྱས་ན་ཞིང་དུད་ཀྱི་སྤྱི་ཕན་ནགས་ཚལ་གྱི་སྣོད་བཅུད་ཕན་འབྲས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་5.4མངོན་འགྱུར་བྱུང་ནས་ཁྱོན་མི་ཁྲི་30ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་ཡོད། འདམ་ར་སྲུང་སྐྱོང་དང་སླར་གསོ་དང་། འདམ་རའི་སྐྱེ་ཁམས་ཕན་འབྲས་ཁ་གསབ་ཚོད་ལྟ། འདམ་རའི་སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་ནས་བརླན་སའི་སྐྱེ་ཁམས་མ་ལག་འཁོར་རྒྱུག་བཟང་པོ་ཡོང་བར་སྐུལ་འདེད་གཏོང་དགོས། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་ཀྱི་རིམས་ནད་ལྟ་ཞིབ་ཚད་ལེན་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་ཞིང་ཆེན་རིམ་པའི་ལྟ་ཞིབ་ཚད་ལེན་ས་ཚིགས་2བསྐྲུན་པས་དཔེ་མཚོན་སྣོད་བཅུད་མ་ལག་90%དང་དངོས་རིགས་གལ་ཆེན་85%ལ་སྲུང་སྐྱོང་ནུས་ལྡན་བྱུང་ཡོད། ལྗང་མདོག་ཐོན་ལས་ཀྱི་སྤུས་རྟགས་བཏོད་དེ་སྣོད་བཅུད་སྲུང་སྐྱོང་དང་ཞིང་པའི་འབབ་འཕར་"གཉིས་ཁེ་"ཡོང་རྒྱུར་སྐུལ་འདེད་བཏང་ཞིང་། ཁུལ་དེ་ཡོངས་ཀྱིས་སྟར་ཁ་དང་གཡེར་མ། འབྲས་སྣུམ་སོགས་ཤིང་རིགས་སྣུམ་རྒྱུ་མུའུ་ཁྲི་92.41འཕེལ་རྒྱས་བཏང་བས། ཁུལ་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་2015ལོའི་སྒོར་དུང་ཕྱུར་11ནས་སྒོར་དུང་ཕྱུར་13.9བར་མཐོ་རུ་བཏང་ཡོད། སྣོད་བཅུད་དབུལ་སྐྱོར་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་2016ལོ་ནས་ད་བར་སྣོད་བཅུད་ནགས་སྲུང་བས་མ་དངུལ་སྒོར་དུང་ཕྱུར་4.72བཏང་བ་དང་སྣོད་བཅུད་ནགས་སྲུང་བའི་དམིགས་ཚད་16165དོན་འཁྱོལ་བྱས་པས་ལོ་རེར་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་8000ནས་10000བར་བྱུང་ཡོད།

"གྲངས་འཛིན་ནགས་ལས་"འཛུགས་སྐྲུན་བྱ་རྒྱུ་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། ཁུལ་ཡོངས་ཀྱི་མེ་ཟོན་བརྙན་ལམ་ལྟ་སྐུལ་ཚོད་འཛིན་མ་ལག་འཛུགས་སྐྲུན་གྱི་སྔོན་སྐྱོད་ཚོད་ལྟའི་རྣམ་གྲངས་ལ་ཐོག་མའི་ཞིབ་བཤེར་བྱས་པ་བརྒྱུད་ལྟ་སྐུལ་ཚོད་འཛིན་ས་ཚིགས་219ཡི་ཤང་གྲོང་ཁག་ལ་ལྟ་སྐུལ་ཚད་འཇལ་ཡོ་བྱད་ཀྱི་ཁེབས་གཅོད་དང་གྲངས་གཞི་འཚོལ་བསྡུའི་ལས་དོན་ལེགས་གྲུབ་བྱུང་བ་རེད།ནགས་དཔོན་ལམ་ལུགས་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་ནགས་དཔོན་ལམ་ལུགས་ཀྱི་ལས་དོན་དེ་2021ལོའི་གཙོ་གནད་སྒྱུར་བཅོས་ཀྱི་ལས་འགན་ནང་བཅུག་ནས་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ཁོངས་གཏོགས་ས་ཆའི་འགན་འཁུར།སྡེ་ཚན་གྱིས་གཞོགས་འདེགས།་འབྱུང་རྩ་ནས་བཅོས་སྐྱོང་། ས་ཁོངས་ཡོངས་སུ་ཁེབས་པ་བཅས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་འགན་འཁྲིའི་མ་ལག་གང་མགྱོགས་འཛུགས་དགོས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།