ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་དུ་བོད་ལྗོངས་གདུང་དཀར་ཤིང་ཕྲུག་གསོ་བར་ཚོད་ལྟ་བྱས།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།     སྤེལ་དུས། : 2021-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།


2.jpg

བོད་ལྗོངས་གདུང་དཀར་ཤིང་ཕྲུག་གསོ་བའི་ཚོད་ལྟའི་ཇུས་འགོད།

3.jpg

མེ་ཏོག་ཁུག་མ་ནང་ས་བླུགས་པ། 

4.jpg

ས་བོན་འཛུགས་པ། 

5.jpg

བོད་ལྗོངས་གདུང་དཀར་ཤིང་ཕྲུག་མྱུ་གུ་འབུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  2021ལོའི་ཟླ4པར་བདེ་ཆེན་ཁུལ་ནགས་རྩྭ་སོན་མྱུག་ས་ཚིགས་ཀྱིས་བོད་ལྗོངས་གདུང་དཀར་ཤིང་གི་སོན་བཟང23000ནང་འདྲེན་བྱས་ནས་བདེ་ཆེན་ས་མཐོར་མྱུ་གུ་གསོ་བའི་ཚོད་ལྟ་ཐེངས་དང་པོ་བྱས་པ་དང་། ལག་རྩལ་མི་སྣས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3200དང་། སྨི2600 ། སྨི1900ཡོད་པའི་ས་ཆ་མི་འདྲ་བ་ཁག་གསུམ་དུ་མྱུ་གུ་གསོ་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ།

རྒྱ་མཚོའི་ངོས་ལས་མཐོ་ཚད་མི་འདྲ་བ་དང་། སྐྱེ་ཁམས་ཀྱི་ཆ་རྐྱེན། གནམ་གཤིས་ཀྱི་ཆ་རྐྱེན། ས་རྒྱུ་སོགས་རང་བྱུང་རྒྱུ་རྐྱེན་གྱིས་བོད་ལྗོངས་གདུང་དཀར་ཤིང་ལ་ཤུགས་རྐྱེན་ཐེབས་ཚུལ་ལ་གཞིགས་ནས་ལག་རྩལ་མི་སྣས་ཚོད་ལྟའི་ཇུས་གཞི་ཞིབ་ཕྲ་བཟོས་ཤིང་། མྱུ་གུ་གསོ་བའི་ཚོད་ལྟའི་རྒྱ་ཁྱོན་མུའུ4ཡོད་ཅིང་། དངོས་སུ་སྐྱེས་པའི་མྱུ་གུ་རྐང12000དང་། དྲོད་ཁང་སྡོང་རྐང་4000སོགས་གསོ་སྐྱོང་བྱས་པས་མིག་སྔར་མྱུ་གུ་འབུས་ཚད་བརྒྱ་ཆའི80ཡན་ཟིན་པ་དང་། སྡོང་ཕྲུག་སྐྱེ་ཡུན་རིང་ལག་རྩལ་མི་སྣས་བོད་ལྗོངས་གདུང་དཀར་ཤིང་གི་ཞིང་ནང་གཡོག་བྱེད་དང་སྐྱེ་ཚུལ། ནད་འབུའི་གནོད་འཚེ་འགོག་བཅོས་སོགས་ཀྱི་གནས་ཚུལ་ལ་དོ་དམ་ཟིན་ཐོ་ཞིབ་ཕྲ་བཀོད་དེ་མྱུ་གུ་གསོ་བའི་ཉམས་མྱོང་རྒྱུན་ཆད་མེད་པར་ཕྱོགས་སྡོམ་དང་འཐུས་ཚང་དུ་བཏང་ནས་བདེ་ཆེན་ཁུལ་དུ་འཚམ་པའི་བོད་ལྗོངས་གདུང་དཀར་ཤིང་གི་སོན་མྱུག་གསོ་བའི་ལག་རྩལ་གྱི་གྲུབ་འབྲས་ཆ་ཚང་ཞིག་འཚོལ་ཞིབ་གང་ཐུབ་བྱས།

འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ(IUCN)གྱི་དཔྱད་དཔོག་གཞིར་བཟུང་བོད་ལྗོངས་གདུང་དཀར་ཤིང་གི་སྐྱེ་ཁམས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ2000ལས་ཉུང་བ་དང་ཁྱབ་རྒྱ་ཆེ་བས་ཁྱོན་ས་ཆ10ལས་བརྒལ་བའི་ཁྱབ་ཁུལ་ཡོད་ཀྱང་གཞི་ཁྱོན་ཆུང་བ་དང་སྟུག་ཚད་དམའ་བ་མ་ཟད་གྲངས་འབོར་ཡང་ཉུང་དུ་འགྲོ་བཞིན་ཡོད། བོད་ལྗོངས་གདུང་དཀར་ཤིང་གི་རྩ་བ་དར་རྒྱས་ཆེ་ཞིང་རླུང་འགོག་ནུས་པ་ཆེ་ཙམ་ལྡན་པ། འཕྲོད་པའི་ཁྱབ་ཁོངས་རྒྱ་ཆེ་བས་ཀལ་རྫས་ས་རྒྱུ་དང་བ་ཚྭ་ཡང་བའི་ས་ཞིང་སྟེང་དུ་རྒྱུན་ལྗང་ཁབ་ལོ་སྡོང་བོ་སྐྱེས་ཐུབ་པ་དང་། སྐྱེ་ཁམས་ཀྱི་ཕན་འབྲས་ཆེ་ཙམ་ལྡན། ཕ་ཁི་སི་ཐན་སུའུ་ལའེ་མན་རི་རྒྱུད་དུ་བོད་ལྗོངས་གདུང་དཀར་ཤིང་གི་འབྲུ་ནི་ས་གནས་དེ་གའི་ཚོ་པའི་གྲོང་མིའི་དཔལ་འབྱོར་སྐྱེ་དངོས་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་སྤྱི་རྒྱ་རེར་རིན་གོང་ཨ་སྒོར20ནས53ཙམ་ཡིན་པ་དང་། ས་གནས་དེ་གའི་མི་ཁྲི1.3ཙམ་གྱིས་པར་ཙིར་གྱི་ཐང་འབྲུ་བཙོངས་པ་བརྒྱུད་ཡོང་འབབ་རག་གི་ཡོད། སྐྱེ་ཁམས་ཀྱི་རིན་ཐང་དང་དཔལ་འབྱོར་གྱི་རིན་ཐང་ཅུང་མཐོ་བ་ནི་བོད་ལྗོངས་གདུང་དཀར་ཤིང་གིས་བདེ་ཆེན་ཁུལ་དུ་མྱུ་གུ་གསོ་བའི་ཚོད་ལྟ་དང་འཕྲོད་མཐུན་རང་བཞིན་ཁྱབ་གདལ་གཏོང་བའི་དམིགས་ཚད་གཙོ་བོ་རེད། བདེ་ཆེན་ཁུལ་ནི་གཙང་གསུམ་མཉམ་རྒྱུག་ཁུལ་དུ་གནས་པ་དང་སྐྱེ་ཁམས་གནས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་ཀྱང་དུས་མཚུངས་ས་མཐོའི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པས། གནམ་གཤིས་ཀྱི་ཆ་རྐྱེན་ཞན་པ་དང་མང་ཚོགས་ཀྱི་འབབ་འཕར་ལ་དཀའ་ངལ་ཆེན་པོ་བཟོས། ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད་བདེ་ཆེན་ཁུལ་གྱིས་སྐྱེད་སྲིང་བྱས་པའི་བོད་ལྗོངས་གདུང་དཀར་ཤིང་གིས་ས་མཐོའི་དམིགས་བསལ་དང་ནགས་བཟོའི་ཕན་འབྲས་ཕུན་སུམ་ཇེ་ཚོགས་གཏོང་བ་དང་། ཆབས་ཅིག་ཏུ་རྒྱ་ཆེའི་ནགས་ལས་དང་ཞིང་པར་དཔལ་འབྱོར་ཐད་ཡོང་འབབ་གསོག་ཐུབ་ཀྱི་ཡོད། མྱུ་གུ་གསོ་བའི་ཚོད་ལྟ་དེ་ལག་བསྟར་བྱས་པ་དེས་རྩ་ཆེ་ལ་སྟོངས་ལ་ཉེ་བའི་ཐོན་ཁུངས་འཕེལ་རྒྱས་དང་རྩི་ཤིང་སྣ་མང་རང་བཞིན་སྲུང་སྐྱོང་ས་མཐོའི་སྐྱེ་ཁམས་མ་ལག་ཉམས་གསོ་དང་དེ་བཞིན་ནགས་ལས་དཔལ་འབྱོར་འཕེལ་རྒྱས་སོགས་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།