ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཡུན་ནན་གྱིས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་ར་བ128བཙུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཐིན་གྱི་ཆ་འཕྲིན་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་ལ། ཡུན་ནན་ཞིང་ཆེན་གྱི་འཚོ་བའི་གད་སྙིགས་རིགས་དབྱེ་ལས་དོན་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་ར་བ128བཙུགས་ཤིང་། འཚོ་བའི་གད་སྙིགས་མེར་སྲེག་གློག་ཁང22བཙུགས།

ཡུན་ནན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཐིན་གྱི་ཆེད་ལས་མི་སྣ་ལིའུ་མིན་ལིན་གྱིས་བཤད་རྒྱུར། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། ཡུན་ནན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་སྤེལ་འགོ་བརྩམས་ཤིང་། ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་ར་བ128བཙུགས་ལ། འཚོ་བའི་གད་སྙིགས་མེར་སྲེག་གློག་ཁང22བཙུགས་པ་དང་། འཚོ་བའི་གད་སྙིགས་དབོར་འདྲེན་ས་ཚིགས473བཙུགས། གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་གྱི་གཙང་སེལ་བྱེད་ཚད2015ལོའི་ལོ་མཇུག་གི་ཉིན་རེར་ཏུན་ཁྲི1.62ནས་2020ལོའི་ལོ་མཇུག་གི་ཉིན་རེར་ཏུན་ཁྲི2.29བར་ཇེ་མཐོར་སོང་། འཚོ་བའི་གད་སྙིགས་གཙང་སེལ་བྱེད་ཚད2015ལོའི་ལོ་མཇུག་གི84.83%ནས2020ལོའི་ལོ་མཇུག་གི99.65%བར་ཇེ་མཐོར་སོང་ཡོད་ཟེར།

དེ་དང་ཆབས་ཅིག ཞིང་ཁྱིམ་དུ་གད་སྙིགས་བླུག་སྣོད་གཉིས་དང་གཟེབ་སྣོད་གཅིག་བཀོད་སྒྲིག་བྱེད་པ་དང་ཚན་ཆུང་གིས་གཙང་སྦྲ་བྱེད་པ་དང་། སྡེ་བའི་བསྡུ་ལེན། གྲོང་རྡལ་གྱིས་དབོར་འདྲེན། རྫོང་གིས་གཙང་སེལ་བྱེད་པའི་ཐབས་ལམ་བརྒྱུད་དེ། ཡུན་ནན་ཞིང་ཆེན་གྱི་ཤང་གྲོང99.2%དང་རང་བྱུང་སྡེ་བ98.6%ཡི་འཚོ་བའི་གད་སྙིགས་ལ་གཅིག་སྡུད་གཙང་སེལ་བྱས་པ་དང་། གྲོང་རྡལ་གྱི་གད་སྙིགས་ཡོངས་སུ་གཅིག་བསྡུ་དང་ཡོངས་སུ་གཙང་སེལ་བྱེད་པའི་དམིགས་འབེན་ཕལ་ཆེལ་མངོན་འགྱུར་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།