ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས14ཉིན། “རིམས་འགོག་གི་བརྩེ་བར་ཉམས་པ་མེད”ཅེས་པ་བརྗོད་བྱར་བཟུང་བའི་ཡུན་ནན་ཞིང་ཆེན་གྱི་རིམས་ནད་འགོག་པའི་མཛེས་རྩལ་དང་འདྲ་པར་བརྩམས་ཆོས་སྐོར་སྐྱོད་འགྲེམས་སྟོན་དེ་བདེ་ཆེན་ཁུལ་རིག་གནས་ཁང་དུ་སྤེལ།
ཤེས་གསལ་ལྟར་ན། ཐེངས་འདིའི་སྐོར་སྐྱོད་འགྲེམས་སྟོན་དེ་ཡུན་ནན་ཞིང་ཆེན་རིག་གནས་ཁང་གིས་གཙོ་གཉེར་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་རིག་རྩལ་ལས་བྱེད་པ་དང་དེར་དགའ་ཞེན་ཡོད་མཁན་གྱིས་རྒྱབ་སྐྱོར་ཐོབ་པས། བརྩམས་ཆོས་སྤྲོད་མཁན་ལོ4ཡི་བྱིས་པ་ནས་རྒན་པོ་བགྲེས་སོང་བར་ཡོད་པ་དང་། ལས་རིགས་ནང་སྨན་དོན་མི་སྣ་དང་། སྤྱི་བདེ་ལས་བྱེད་ཉེན་རྟོག་པ། ཆེད་གཉེར་མཛེས་རྩལ་ལས་དོན་པ། རི་མོ་མཁས་ཅན་སོགས་ཚུད་ཡོད། མཐར་མཛེས་རྩལ་བརྩམས་ཆོས600ལྷག་ཙམ་དང་འདྲ་པར་བརྩམས་ཆོས800ལྷག་ཙམ་ནང་ནས་ཕུལ་བྱུང་བརྩམས་ཆོས120གསེད་འདེམས་བྱས་ཏེ་འགྲེམས་སྟོན་བྱས་ལ། བརྩམས་ཆོས་ནང་རང་རྒྱལ་གྱི་སྲོལ་རྒྱུན་རི་མོ་དང་། སྣུམ་ཚོན་རི་མོ། པར་རིས་རི་མོ། ཞིང་པའི་རི་མོ། ཆུ་ཚོན་རི་མོ། རབ་བཏགས་རི་མོ། ངོས་མཉམ་ཇུས་འགོད། གྲངས་འཛིན་རི་མོ། པར་ལེན་སོགས་ཀྱི་རིགས་མང་པོ་ཚུད་ཡོད་་ལ། དེ་དག་གིས་སྨན་དོན་མི་སྣས་རང་འགན་སྲུང་བ་དང་། སྤྱི་བདེའི་མི་དམངས་ཉེན་རྟོག་པས་ལས་གནས་བརྟན་སྲུང་། གཞིས་ཁུལ་ལས་དོན་པས་དཀའ་སེལ་ལས་སྒྲུབ་བྱེད་པ། གཞི་རིམ་ངལ་རྩོལ་པས་ཉིན་མཚན་དབྱེར་མེད་དུ་ལས་ཀ་སྒྲུབ་པ། དང་བླངས་པས་རང་ལས་གཞན་གཅེས་ཀྱིས་བྱས་རྗེས་འཇོག་པ་སོགས་ཀྱི་རྣམ་པ་སོགས་མཚོན་ཡོད། །
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
ཡུན་ནན་གྱི་རིམས་འགོག་འདྲ་པར་བརྩམས་ཆོས་བདེ་ཆེན་དུ་འགྲེམས་སྟོན་བྱས།