ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས2020ལོའི་“ལང་ཚོ་གསར་གཏོད”འཆར་གཞིའི་ཁེ་ལས་ལེགས་འདེམས་འགྲན་བསྡུར་ཆེན་མོ་གཉེར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས14ཉིན་གྱི་སྔ་དྲོར། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གུང་གཞོན་ཚོགས་པ་ཁུལ་ཨུ་དང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། ཁུལ་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཅུའུ་སོགས་ཁུལ་ཐད་གཏོགས་སྡེ་ཚན9ཡིས་མཉམ་དུ་གཉེར་བའི་ཁུལ་ཡོངས་ཀྱི2020ལོའི་“ལང་ཚོ་གསར་གཏོད”འཆར་གཞིའི་ཁེ་ལས་འདེམས་སྒྲུག་འགྲན་བསྡུར་ཆེན་མོ་ཁུལ་ན་གཞོན་ལས་གཏོད་ལས་ཞུགས་མཛུབ་ཁྲིད་ལྟེ་གནས་སུ་གཉེར་བ་དང་ཁེ་ལས14འགྲན་བསྡུར་ནང་ཞུགས་ནས་འགྲན་བསྡུར་བྱས་པ་རེད། འགྲན་བསྡུར་ནང་ལས་སྒོ་གསར་འབྱེད་ཁྲིད་སྟོན་དང་འབྲེལ་ཡོད་ཐོན་ལས་ཀྱི་ཆེད་མཁས་ཞིབ་འཇུག་པ་དང་མིང་དུ་གྲགས་པའི་ཁེ་ལས་འགན་འཁུར་བ་ཆེད་མཁས་པའི་ཞིབ་དཔྱད་ཚོགས་པའི་དཔྱད་འདེམས་ཨུ་ཡོན་གྱི་འགན་འཁུར་བར་གདན་དྲངས་ནས། ཁེ་ལས་ཀྱི་འཐུས་མིས་རྣམ་གྲངས་ངོ་སྤྲོད་དང་དཔྱད་འདེམས་ཨུ་ལྷན་གྱིས་དྲི་བ་འདོན་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཕྱོགས་བསྡུས་སྐར་གྲངས་དཔྱད་བསྡུར་བྱས་པ་རེད། 

ཉིན་གཅིག་གི་ཛ་དྲག་གི་འགྲན་རྩོད་བྱས་པ་བརྒྱུད། མཐར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དྭངས་གཙང་སྐྱེ་དངོས་འདེབས་འཛུགས་ཚད་ཡོད་འགན་འཁྲི་ཀུང་སིར་བྱ་དགའ་ཨང་དང་པོ་དང་། ཧྲུའུ་ལེ་ཙི་བཟའ་བཅའ་ཚད་ཡོད་འགན་འཁྲི་ཀུང་སིར་བྱ་དགའ་ཨང་གཉིས་པ། སེམས་ཀྱི་ཉི་ཟླ་ནན་སུའུ་ཚོང་དོན་ཚད་ཡོད་འགན་འཁྲི་ཀུང་སིར་བྱ་དགའ་ཨང་གསུམ་པ་བཅས་ཐོབ། ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་ཀྱི་འགྲན་བསྡུར་གྱིས“ལང་ཚོ་གསར་གཏོད·ཀྲུང་གོའི་ན་གཞོན་ལས་སྒོ་གསར་གཏོད་བྱ་སྤྱོད”མུ་མཐུད་གཏིང་ཟབ་ཏུ་བཏང་ནས་རྒྱ་ཆེའི་ན་གཞོན་ཚོར་ལས་གཏོད་ལས་ཞུགས་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་པ་དང་། ན་གཞོན་གསར་གཏོད་ལས་སྐྲུན་གྱི་ལས་སྟེགས་ཕན་ནུས་ལྡན་པར་བསྐྲུན་ནས། ལས་སྒོ་གསར་གཏོད་ཀྱི་ཤེས་ལྡན་མི་སྣ་སྔར་བས་མང་པོ་འཚོལ་བསྡུ་དང་གསོ་སྐྱོང་། གདམ་གསེས་བཅས་བྱས་ནས་བདེ་ཆེན་ཁུལ་གྱི་ན་གཞོན་ལས་སྒོ་གསར་གཏོད་བྱེད་ནུས་ཆེ་རུ་བཏང་ཞིང་། ཁུལ་གྱི་ན་གཞོན་ལས་སྒོ་གསར་གཏོད་ལས་ཞུགས་མཛུབ་ཁྲིད་ལྟེ་གནས་ཀྱིས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ནན་ཏན་གྱིས་ན་གཞོན་ལས་སྒོ་གསར་གཏོད་ལ་རོགས་སྐྱོར་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།