བདེ་ཆེན་རྫོང་གི་སློབ་གསོའི་ལས་དོན་ལ་གྲུབ་འབྲས་ལེགས་པོ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར་བདེ་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས་ནས་རྫོང་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ཚོགས་ཁག་དང་། ཕུལ་བྱུང་སློབ་གྲྭའི་སློབ་གཙོ། ཕུལ་བྱུང་སློབ་གསོའི་ལས་དོན་པ། ཕུལ་བྱུང་འཛིན་བདག ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་ཐོབ་མཁན་བཅས་ལ་གཟེངས་བསྟོད་བྱས་པ་རེད།

 ཤེས་རྟོགས་བྱུང་བར་གཞིགས། 2019ལོར་བདེ་ཆེན་རྫོང་གིས་སློབ་གསོའི་ལས་དོན་ཐད་མ་དངུལ་སྒོར་དུང་ཕྱུར3.08བཏང་བ་དེ་ལོ་སྔོན་མ་ལས6.09%འཕར་ཡོད། རིགས་སོ་སོའི་སློབ་གསོའི་འཛུགས་སྐྲུན་རྣམ་གྲངས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། སློབ་གཉེར་ཆ་རྐྱེན་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་ལ། སློབ་གསོ་འཕེལ་རྒྱས་ཀྱི་ནུས་པ་དང་མང་ཚོགས་ཀྱི་ཡིད་ཚིམ་ཚད་བརྟན་བརླིང་ངང་ཇེ་མཐོར་སོང་། བདེ་ཆེན་རྫོང་གིས་གཅིག་སྡུད་སློབ་གཉེར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་ཇེ་བརྟན་དུ་བཏང་སྟེ། “གྲོང་ཚོ་རེར་བུ་བཅོལ་ཁང་རེ”ཡི་རྣམ་གྲངས་ལག་བསྟར་བྱས་པས་རྫོང་ཡོངས་ཀྱི་འོས་འགན་དུས་མཚམས་ཀྱི་སློབ་ཆུང་དུ་ཞུགས་ཚད99.9%དང་། དམའ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི120.6། སློབ་སྔོན་ལོ་གསུམ་སྔོན་གྱི་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད80%དང་སློབ་ཆུང་མ་ཞུགས་གོང་གི་ལོ་གཅིག་སྔོན་གྱི་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད99%བཅས་སུ་སླེབས་ཡོད། སློབ་གསོ་འགན་སྲུང་ལས་དོན་ཐད་ཕན་འབྲས་ཡག་པོ་ཐོབ་ནས2019ལོར་རིགས་སོ་སོའི་སློབ་གསོའི་དམངས་ཕན་སྲིད་ཇུས་མ་དངུལ་སྒོར་ཁྲི2602སྤྲད་པ་དང་། སློབ་ཁུངས་ས་ཆའི་ཡིད་རྟོན་སློབ་སྐྱོར་དངུལ་བུན་སྒོར་ཁྲི371དང་དངུལ་བུན་སྒོར་ཁྲི290བཏང་། ཡང་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་ཆེན་སློབ་མ623ལ་རོགས་དངུལ་སྤྲད་པ་དང“ཐད་བརྒལ་མི་རིགས”ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་ཆེན་སློབ་མ62ལ་བྱ་དགའ་དང་ཁ་གསབ་དངུལ་སྤྲད་པ་རེད།

2020ལོའི་འབྲིང་རྒྱུགས་ཀྱི་སྤྱིའི་དཔྱད་བསྡུར་སྐར་མ་བདེ་ཆེན་རྫོང་གིས་ཁུལ་ཡོངས་ཀྱི་ཨང་དང་པོར་བླངས་པ་དང་། དེའི་ནང་སྐར་གྲངས500ཡན་གྱི་སློབ་མ158 ། མི་གྲངས30.79%ཟིན་པས་བདེ་ཆེན་རྫོང་སློབ་འབྲིང་གི་འབྲིང་རྒྱུགས་སྐར་གྲངས500ཡན་གྱི་མི་གྲངས་མཐོ་ཤོས་བཏོད་ཡོད།  སློབ་ཆུང་གི་ཡིག་རྒྱུགས་ལའང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས་སྤྱིའི་སྐར་གྲངས་དེ་ཁུལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

 བདེ་ཆེན་རྫོང་གིས་ལོ14ཡི་སློབ་ཡོན་མི་དགོས་པའི་འོས་འགན་སློབ་གསོ་དང་སློབ་སྐྱོར་དངུལ་བུན་གྱི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས“432”སློབ་གསོའི་དབུལ་སྐྱོར་བྱེད་ཐབས་བཏོན་པ་དང་། རྗེས་ལུས་སློབ་མར་སློབ་གསོ་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ལ། དམིགས་བསལ་གྱི་སློབ་ལོ་རན་པའི་བྱིས་པར“སློབ་གསོ་སྒོ་ཁར་སྐྱེལ”པ་དང་། སློབ་མ་དབུལ་པོ་སློབ་རིམ་འཕར་བ། སློབ་ཞུགས་ཀྱི་གནད་དོན་སོགས་ཀྱི་གནད་དོན་ཐག་བཅད་པ་དང་ཆབས་ཅིག་ཏུ་སློབ་སྔོན་བྱིས་པའི་དགེ་རྒན་སོགས་ཆེད་དོན་གདན་ཞུའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ནས་སློབ་གསོའི་ཞན་ཆར་སྔར་བས་ཁ་བསྐངས་ཡོད། ། 

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།