ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱི་ཁུལ་ཨུའི་ཧྲུའུ་ཅིས་དགེ་རྒན་དུས་ཆེན་ལ་འཚམས་འདྲི་ཞུས།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2020-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས8ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་ཀྱི་དགེ་རྒན་དུས་ཆེན་ཐེངས་36པ་སླེབས་ལ་ཉེ་བའི་སྐབས་འདིར། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་དབྱི་ཀྲི་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་གཙོ་ཆི་ཅན་ཞིན་གྱིས་ཁུལ་རིམ་པའི་ཚན་ཁག་བཞིའི་འགོ་ཁྲིད་ཀྱི་སྣེ་ཁྲིད་དེ། ཁུལ་མི་རིགས་སློབ་འབྲིང་དུ་དགེ་རྒན་རྣམས་ལ་འཚམས་འདྲི་གནང་བ་དང་འབྲེལ། ཁུལ་ཡོངས་ཀྱི་གཞི་རིམ་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་གྱི་རྒྱ་ཆེའི་དགེ་རྒན་ལས་བཟོ་བ་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་གནང་བ་རེད།

ཉིན་དེར། ཝང་དབྱི་ཀྲི་དང་བཅས་ཀྱིས་ཁུལ་མི་རིགས་སློབ་འབྲིང་གི་སློབ་གཉེར་གནས་ཚུལ་གྱི་སྙན་ཞུ་ལ་གསན་པ་དང་། ཕུལ་བྱུང་དགེ་རྒན་གྱི་འཐུས་མིར་ཁ་བཏགས་ཕུལ་བ་དང་འབྲེལ། རང་ཁུལ་གྱི་འཐུས་མི་དགེ་རྒན་དང་བཞུགས་མོལ་ཚོགས་འདུ་གནང་སྟེ། ཐུན་མོང་ཐོག་བདེ་ཆེན་གྱི་སློབ་གསོ་འཕེལ་རྒྱས་སྐོར་གླེང་ནས། མཉམ་དུ་དགེ་རྒན་དུས་ཆེན་ཐེངས་36པར་རྟེན་འབྲེལ་ཞུས་པ་རེད།

ཝང་དབྱི་ཀྲིས་བསྟན་དོན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སློབ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་རང་ཁུལ་གྱིས་སྔ་རྗེས་སུ་ལོ་14ཡི་རིན་མེད་སློབ་གསོ་ལག་ལེན་བསྟར་ནས། སློབ་ཞུགས་གོང་ནས་སློབ་ཆེན་དུས་མཚམས་བར་གྱི་སློབ་གསོར་གནད་སྨིན་རོགས་དངུལ་ཁྱོན་ཡོངས་ལ་ཁྱབ་པ་བྱས་ཡོད་པ་དང་། རིམ་པ་ཁག་གི་དགེ་རྒན་དཔུང་ཁག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ཁུལ་ཡོངས་ཀྱི་སློབ་གསོའི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།  ད་ལོར་ “རིམས་ནད་”དང་“སློབ་ཁྲིད་”ཀྱི་གནོན་ཤུགས་ཉིས་བརྩེགས་འོག་ཁུལ་ཡོངས་ཀྱི་སློབ་གསོའི་བྱ་གཞག་བརྟན་ཞིང་གོ་རིམ་ལྡན་པ་དང་། སློབ་ཁྲིད་ཀྱི་སྤུས་ཚད་ཞིང་ཆེན་ཡོངས་ཀྱི་རྗེས་མ་ནས་ཞིང་ཆེན་ཡོངས་ཀྱི་འབྲིང་རིམ་ཕྱོགས་སུ་བསྐྱོད་ཡོད། འདི་ལྟ་བུའི་གྲུབ་འབྲས་ཐོབ་པ་འདི་ཁུལ་ཡོངས་ཀྱི་སློབ་གསོའི་ལས་དོན་པས་དཀའ་སྤྱད་འབད་བརྩོན་དང་ཁ་འབྲལ་ཐབས་མེད་པ་རེད། ཁོང་གིས་ཁུལ་རིམ་པའི་ཚན་ཁག་བཞི་དང་དེ་བཞིན་ཁུལ་ཡོངས་ཀྱི་མི་དམངས་ཀྱི་ཚབ་ཞུས་ནས་ཁུལ་ཡོངས་ཀྱི་སློབ་གསོའི་ལས་དོན་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་དུས་ཆེན་གྱི་རྟེན་འབྲེལ་འབུལ་བ་རེད།

ཝང་དབྱི་ཀྲིས་ནན་གྱིས་བསྟན་དོན། དགེ་རྒན་ནི་ཉི་འོད་འོག་ཆེས་འོད་སྟོང་འཕྲོ་བའི་ལས་རིགས་ཤིག་ཡིན་ཞིང་། གཏམ་སྤྱོད་དང་བྱ་སྤྱོད་ཀྱིས་མི་རབས་ཁ་ཤས་ལ་ཤུགས་རྐྱེན་ཐེབས་སྲིད། ཁུལ་ཡོངས་ཀྱི་རྒྱ་ཆེའི་སློབ་གསོའི་བྱ་བ་སྒྲུབ་མཁན་གྱིས་གཏིང་ཟབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་བྱ་བའི་སྐོར་གྱི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་བྱས་ནས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཀྱིས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩི་དགོས། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། གཏིང་ཟབ་ཀྱིས་ལི་ཅང་ཧྭ་ཕིང་བུད་མེད་མཐོ་རིམ་སློབ་འབྲིང་གི་དགེ་རྒན་ཀྲང་ཀུའེ་མེ་སོགས་ཀྱི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱས་ཏེ་དགེ་རྒན་གྱི་ཀུན་སྤྱོད་དང་དགེ་རྒན་གྱི་སྤྱོད་ཚུལ་འཛུགས་སྐྱོང་ཏན་ཏིག་བྱེད་དགོས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཀྱང་མུ་མཐུད་དུ་སློབ་གསོར་ཐུགས་ཁུར་དང་མཐོང་ཆེན་བྱ་རྒྱུ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཁུལ་ཡོངས་ཀྱི་སློབ་གསོའི་ཁྱབ་ཁོངས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་སྤུས་ལེགས་སློབ་གསོའི་ཐོན་ཁུངས་སྤྱི་འདོམས་ནང་འདྲེན་བྱེད་པ། རིག་ལྡན་སློབ་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་དང་། དགེ་རྒན་གསོ་སྦྱོང་ལ་ཤུགས་བསྣན་པ་སོགས་བྱས་ནས། རྒྱ་ཆེའི་དགེ་རྒན་དཔུང་ཁག་ལ་ལས་ཀའི་ཁོར་ཡུག་དེ་བས་ཡག་པ་ཞིག་གཏོད་ནས་ཁུལ་ཡོངས་ཀྱི་སློབ་གསོའི་ལས་དོན་ལ་གསོན་ཤུགས་དེ་བས་ཆེ་བ་སྦྱིན་ཡོད། 

རྒྱ་ཆེའི་འཐུས་མི་དགེ་རྒན་ཚོས། དུས་སྐབས་གསར་པར་“བཞི་ལྡན་”གྱི་དགེ་རྒན་བཟང་པོའི་ཚད་གཞི་ལྟར་རང་ངོས་ཀྱི་ནུས་པ་དང་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་དང་། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁུལ་ཡོངས་ཀྱི་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བར་བདེ་ཆེན་གྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་སྤྱོད་ཡོན་གཉིས་ལྡན་གྱི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།