ཡུན་ནན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ལས་འཛིན་ལྷན་ཚོགས་ཀྱིས་ལས་འཛིན་ཚོགས་ཆེན་སྐབས་གསུམ་པ་ཚོགས་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས2ཉིན་ནས་ཚེས4ཉིན་བར། ཡུན་ནན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ལས་འཛིན་ལྷན་ཚོགས་ཀྱིས་ལས་འཛིན་ཚོགས་ཆེན་སྐབས་གསུམ་པ་བདེ་ཆེན་སེམས་ཀྱི་ཉི་ཟླ་དཔལ་འབྱོར་གསར་སྤེལ་ཁུལ་དུ་ཚོགས་ཤིང་། ཚོགས་འདུའི་ཐོག་ནང་བསྟན་སློབ་གླིང་གི་ལས་འཛིན་ལྷན་ཚོགས་ཀྱི་འདས་བའི་ལོ་གསུམ་གྱི་ལས་དོན་ལ་ཕྱོགས་སྡོམ་དང་དུས་མཚམས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

ཡུན་ནན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་ཆོས་འཕེལ་གྱིས་ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ལས་འཛིན་ལྷན་ཚོགས་སྐབས་གཉིས་པའི་ཚབ་ཞུས་ནས་ལས་དོན་སྙན་ཞུ་གནང་ལ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། ལིས་ཅང་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཤར་ནོར་དྲུང་པ་ཧུའུ་ཐུའུ་ཁུ་ཐུའུ་ཚོགས་འདུར་ཕེབས་པ་དང་འབྲེལ་ཡོད་གསུང་བཤད་གནང་།

ཚོགས་འདུའི་སྟེང་བསྟན་དོན། ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ལས་འཛིན་ལྷན་ཚོགས་བཙུགས་རྗེས། བོད་བརྒྱུད་ནང་བསྟན་དགོན་སྡེ་ཁག་གི་དམངས་གཉེར་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་དང་སྤྲུལ་སྐུ། དགེ་རྒན་སོགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་སུ་བཅུག་ལ། “སྲིད་གཞུང་གིས་གཙོ་ཁྲིད་དང་ཁྲིམས་ལྟར་དོ་དམ། དགོན་སྡེ་ཟབ་ཞུགས། གྲོས་མོལ་སློབ་གཉེར”བཅས་ཀྱི་སློབ་གཉེར་བྱེད་ཕྱོགས་བཙུགས་ནས། བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་གསོ་སྐྱོང་ཐབས་ལམ་དེ་སྲོལ་རྒྱུན་གྱི་ཆོས་གྲྭ་ནས་ཆོས་ལུགས་སློབ་གླིང་དུ་བསྒྱུར་བའི་བརྒྱུད་རིམ་ཁྲོད་གནས་པའི་གནད་དོན་རྦད་དེ་ཐག་གཅོད་བྱས་ཡོད་པར་བསྟན་པ་མ་ཟད། ལས་འཛིན་ལྷན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་བློ་གཏད་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་ཡོད་པ། ཀུན་སྤྱོད་ཐད་དམངས་ཀྱི་བློ་ལ་འབབ་པ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི་བླ་མ་སྐྱེས་ཆེན་སྐོར་གཅིག་གསོ་སྐྱོང་བྱ་རྒྱུ་དམིགས་ཚད་དུ་བཟུང་སྟེ། བདེ་ཆེན་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་མཛུབ་ཁྲིད་ཞིབ་ཚགས་འོག ས་གནས་དེ་གའི་སློབ་མའི་ཁྱད་གཤིས་དང་མཐུན་ཞིང་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་ལྡན་པའི་སློབ་ཁྲིད་དོ་དམ་བྱེད་སྟངས་ཆ་ཚང་འཚོལ་ཞིབ་བྱས་པར་ཁྱད་ཆོས་ལྡན་པའི་ཕན་འབྲས་མངོན་ཡོད་པར་བསྟན།

གྲོས་ཚོགས་སྟེང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་རྒྱུ་དེ། ནང་བསྟན་སློབ་གླིང་གིས་སློབ་གཉེར་བྱེད་པའི་རྩ་བའི་ཁ་ཕྱོགས་སུ་བརྩི་བ་དང་། རང་བཙན་རང་བདག་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་མཐའ་འཁྱོངས་བྱ་རྒྱུ་དེ། དུས་རབས་འཕེལ་རྒྱས་དང་མཉམ་དུ་ངེས་པར་བརྩི་སྲུང་ཞུ་དགོས་པའི་རྩ་བའི་རྩ་དོན་ལ་བརྩི་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་བོད་བརྒྱུད་ནང་བསྟན་ལ་སྣེ་ཁྲིད་བྱ་རྒྱུ་དེ། རུལ་སུངས་རྗེས་ལུས་ཀྱི་རིག་གནས་ཀྱི་བསླད་སྐྱོན་བཀག་འགོག་བྱེད་པའི་རྩ་བའི་བྱེད་ཐབས་སུ་བརྩི་དགོས་ཤིང་། ལས་ཀའི་ཞན་ཆ་རྒྱུན་ཆད་མེད་པར་ཁ་གསབ་བྱེད་དགོས་པའི་བླང་བྱ་བཏོན་པ་མ་ཟད། ཡུན་ནན་བོད་བརྒྱུད་ནང་བསྟན་ལ་ཤེས་ལྡན་མི་སྣ་དཀོན་པའི་དངོས་ཡོད་གནད་དོན་ལ་ཁ་གསབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བས་ཆོས་ལུགས་འཕེལ་རྒྱས་ལ་སྣེ་ཁྲིད་རྒྱུན་འཁྱོངས་ལྷོད་མེད་ཀྱིས། བདེ་ཆེན་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་གཞུང་ལས་ཁང་གི་ཐུགས་ཁུར་དང་རོགས་རམ་འོག་སློབ་གླིང་ཡག་པོ་གཉེར་བ་དང་། ཁྱད་ཆོས་ལྡན་པ། ཆུ་ཚད་མཐོ་བ་བཅས་ཡོང་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་སྟེང་ནང་བསྟན་སློབ་གླིང་གི་སྐབས་གསུམ་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་དང་། མཚན་འཛིན་ལས་འཛིན་འགོ་གཙོ། རྒྱུན་ལས་ལས་འཛིན་འགོ་གཙོ་གཞོན་པ་དང་ལས་འཛིན་འགོ་གཙོ་གཞོན་པ་སོགས་བདམས་ཐོན་བྱུང་། 

ཡུན་ནན་ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འབྲེལ་ཡོད་འགན་འཁུར་བ་ཚོགས་འདུར་ཞུགས་པ་དང་། བདེ་ཆེན་དང་། རྒྱལ་མོ་རྔུལ་ཆུ། ལིས་ཅང་བཅས་དང་དེ་བཞིན་རྫོང(གྲོང་ཁྱེར)7གྱི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། མི་རིགས་ཆོས་ལུགས་ཅུའུ(ཨུ་ལྷན)ཅུའུ། ནང་བསྟན་མཐུན་ཚོགས། དགོན་སྡེ་དོ་དམ་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་དང་། ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་འགན་འཁུར་བ། ཆོས་ལུགས་གྲུབ་མཐའ་ཁག་གི་བླ་མ་སྐྱེས་ཆེན་དང་དགོན་སྡེ་ཁག་གི་འཐུས་མི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།