ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་རིགས་སློབ་ཆུང་གི་གཟི་དཔལ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2020-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་རིགས་སློབ་ཆུང་ནི1980ལོར་བཙུགས་ལ།  ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་ཉིན་གང་ལམ་ལུགས་ཀྱི་ཞག་སྡོད་སློབ་ཆུང་ཞིག་ཡིན་པ་དང་གཙོ་བོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མཐའ་འཁོར་གྱི་དབུལ་ཕོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སློབ་མ་བསྡུ་བ་དང་གསོ་སྐྱོང་བྱས་ཏེ།    བོད་རྒྱ་སྐད་གཉིས་ཀྱི་སློབ་ཁྲིད་དེ་སློབ་ཁྲིད་ཀྱི་རྣམ་པ་གཙོ་བོར་བྱས།  མིག་སྔར་སློབ་གྲྭར་རྒྱ་རིགས་དང་འཇང་རིགས། ལི་སུའུ་རིགས། བོད་རིགས་བཅས་ཀྱི་དགེ་རྒན་དང་ལས་བཟོ་པ70ཡོད་པ་དང་།  སློབ་གྲྭར་ཡོད་པའི་སློབ་མ་714ཡོད་པའི་ནང་རྒྱ་རིགས་22ཡོད། བོད་རིགས་དང་ལི་སུའུ་རིགས། མིའོ་རིགས། ཀྲོང་རིགས། པའེ་རིགས། དབྱིས་རིགས། འཇང་རིགས། ཁྲོན་ཆིང་རིགས། ཕུའུ་སྨི་རིགས་བཅས་གྲངས་ཉུང་མི་རིགས་ཀྱི་སློབ་མ་692ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་སློབ་མས་སློབ་མའི་བསྡོམས་འབོར་གྱི་96.9%བཟུང་ཡོད།

སློབ་གྲྭས་རྨང་གཞིའི་རིག་གཞུང་ཚན་ཁག་ཡོངས་རྫོགས་བཙུགས་ཡོད་པ་ཕུད།   ད་དུང་བོད་སྐད་ཡིག་དང་བོད་ཀྱི་རྩིས་རིག་སློབ་ཚན་བཀོད་སྒྲིག་བྱས་ཡོད་པ་དེ་ནི་རང་ཁུལ་དུ་བོད་ཡིག་སློབ་ཁྲིད་བྱེད་སྔ་ཤོས་ཀྱི་སློབ་གྲྭ་ཞིག་རེད།     ལོ་རིམ་གཉིས་པ་ནས་བཟུང་ཆེད་ལས་དགེ་རྒན་གྱིས་བོད་ཡིག་སློབ་ཁྲིད་བྱས། དེ་དང་ཆབས་ཅིག་བོད་རིགས་ཀྱི་གདོད་མའི་ཞབས་བྲོ་རྒྱལ་ཐང་སྐོར་བྲོ་དང་རས་པ། བོད་ཀྱི་རྒྱན་གོས་རིག་གནས། ལི་སུའུ་རིགས་ཀྱི་ཨ་ཁྲི་མུ་ཀྭ་སོགས་དངོས་མིན་རིག་གནས་ཤུལ་བཞག་སློབ་གྲྭའི་བྱེད་སྒོའི་ནང་བཅུག་ཡོད་པ་རེད།

2015ལོའི་ཟླ12པར།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་རིགས་སློབ་ཆུང་གིས་བོད་དབྱངས་བྱིས་གླུ་མཉམ་ལེན་ཚོགས་པ་བཙུགས་པ་དང་།  མཉམ་ལེན་ཚོགས་པ་དེས་བོད་རྒྱ་སྐད་གཉིས་ཀྱི་མཉམ་ལེན་དང་ ལྷད་མེད་ཀྱི་བྱིས་པའི་སྒྲ་གདངས་ལ་ཀུན་གྱིས་དོ་ཁུར་དང་བསྔགས་བརྗོད་བྱེད་ཀྱི་ཡོད། སློབ་གྲྭས་མཉམ་ལེན་ཚོགས་པའི་རོལ་དབྱངས་བྱང་ཚད་སློབ་གསོར་ཤུགས་སྣོན་རྒྱག་པ་དང་དུས་མཚུངས་སུ་ད་དུང་མི་རིགས་མཐུན་སྒྲིལ་དང་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་མཉམ་ལེན་ནང་མཉམ་འདྲེས་བྱས་ཏེ་སློབ་མར་ཤུགས་རྐྱེན་ཐེབས་ནས་རིམ་བཞིན་འགྱུར་བའི་ཁྲོད་ཤུགས་རྐྱེན་བཟང་པོ་ཐེབས་སུ་འཇུག་ཡོད།    ད་ཆ་མཉམ་ལེན་ཚོགས་པ་དེ་སློབ་གྲྭའི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་ཡོད་པ་དང་། ཀྲུང་གོའི་རྒྱལ་སྤྱིའི་གླུ་གཞས་མཉམ་གཏོང་འགྲན་བསྡུར་སྐབས་བཅུ་གསུམ་པའི་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་དང་མི་དམངས་ཚོགས་ཁང་ཆེ་མོར་འཁྲབ་སྟོན་བྱེད་མྱོང་ཡོད། ད་དུང་སྔ་རྗེས་སུ་འགྲན་བསྡུར་སྣ་ཚོགས་དང་དེ་བཞིན་ཁུལ་ནང་གི་དུས་སྟོན་དང་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཆེ་གྲས་ཁག་ལ་ཞུགས་མྱོང་བས་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད།

སློབ་གྲྭས་ད་དུང་བོད་ཀྱི་ཡིག་གཟུགས་དང་ལག་ཤེས་བཟོ་རྩལ་སོགས་ཀྱི་སྤྲོ་སྣང་འཛིན་གྲྭ་བཀོད་སྒྲིག་བྱས་ཡོད་པ་དང་། སློབ་གྲྭའི་མི་རིགས་རིག་གནས་གྱང་ངོས་སུ་གྲངས་ཉུང་མི་རིགས་ཀྱི་མི་སྣའི་རི་མོ་དང་མི་རིགས་ཤེས་བྱའི་ངོ་སྤྲོད་མདོར་བསྡུས་གསོན་ཉམས་ལྡན་པའི་སྒོ་ནས་མི་རིགས་ཁག་གི་དམངས་སྲོལ་དང་ཡུལ་སྲོལ་གོམས་གཤིས་མངོན་པར་བྱས་ཡོད།  དེ་མིན་བར་འཁྱམས་དང་སློབ་ཁང་། སྐས་ཀ་བཅས་སུ་དཔེ་དེབ་ལྟ་ས་བཙུགས་ཡོད་དེ་སློབ་མའི་ལྟ་ཀློག་གི་སྤྲོ་སྣང་སྐྱེད་སྲིང་བྱས་ནས་སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་མཐོང་ཆེན་བྱས་ཡོད།  

སློབ་གྲྭས་བོད་ཡིག་གི་གྲགས་ཅན་དགེ་རྒན་ལས་དོན་ཁང་བཙུགས་པ་དང་མི་རིགས་རིག་གནས་ཞིབ་འཇུག་བྱ་གཞི་ཞིབ་འཇུག་ལས་དོན་སྤེལ། སྔ་རྗེས་སུ་ཞིང་ཆེན་རིམ་པའི་ཤེས་དཔལ་སློབ་གྲྭ་དང་།  ཡུན་ནན་ཞིང་ཆེན་གྱི་སྐད་གཉིས་སློབ་ཁྲིད་ཚོད་ལྟ།  ཡུན་ནན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་དཔེ་སྟོན་སློབ་གྲྭ    དངོས་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་གཏོང་བའི་དཔེ་སྟོན་སློབ་གྲྭ    ཞིང་ཆེན་རིམ་པའི་མི་རིགས་རིག་གནས་དཔེ་སྟོན་སློབ་གྲྭ་བཅས་ཐོབ་པ་རེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།