ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླའི་ནགས་ཚལ་ཁྲི་བརྒྱའི་ལས་གཞིས་སྡོང་རྐང་ཁྲི500ཙམ་འཛུགས་རྒྱུ་རེད།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2020-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཙང་གསུམ་མཉམ་རྒྱུག་ཞེས་པའི་འཛམ་གླིང་རང་བྱུང་ཤུལ་བཞག་གི་ལྟེ་བའི་ཁུལ་དུ་གནས་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་འཆར་གཞི་ལྟར་ན་ད་ལོར་རེས་སྐོར་གསར་པའི་ནགས་བཟོ་སྔོ་འགྱུར་ལེགས་སྒྲུབ་བྱ་རྒྱུ་ཡིན་ལ།  ལོ་གསུམ་གྱི་རིང་ས་གནས་དེ་ག་ཡིས་སྡོང་རྐང་ཁྲི་300ལྷག་བཙུགས་ཡོད་པ་དང་།  2020ལོའི་ལོ་མཇུག་ཏུ་སྡོང་རྐང་ཁྲི་500ཙམ་བཙུགས་ནས་ནགས་ཚལ་ཁེབས་ཚད་སྔར་བས་མཐོ་རུ་བཏང་སྟེ་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་རེད།

fb58e5e0-e359-4aba-96a2-696dde1f27e0.jpg

སེམས་ཀྱི་ཉི་ཟླའི་གྲོང་ཚོ་ག་གེ་མོ་ཞིག་གི་ཟུར་ཞིག

ངོ་སྤྲོད་བྱས་པ་ལྟར་ན། སེམས་ཀྱི་ཉི་ཟླ་ཡིས་ད་ལོའི་ནང་དུ་སྡོང་རྐང་ཁྲི་110འཛུགས་རྒྱུ་རེད། གཟར་ངོས་མུའུ་3000བཅོས་སྐྱོང་དང་རྨོ་བསྐྱུར་ནགས་གསོ་མུའུ་2000བྱས་ནས་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོ་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱབ་རྒྱུ།

སེམས་ཀྱི་ཉི་ཟླ་ནི་འབྲི་ཆུ་དང་རྫ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་ཀྱི་ལྟེ་བའི་རྒྱུད་དུ་གནས་ཡོད་ལ།  ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ལྷག་ཙམ་ཟིན་ཡོད།  ས་གནས་དེ་ནི་ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་ལྟེ་གནས་ཀྱི་གྲས་ཤིག་རེད།

ལོ་ངོ་20ཡི་སྔོན་ལ། རང་བྱུང་ནགས་ཤིང་གཅོད་པ་ནི་སེམས་ཀྱི་ཉི་ཟླའི་དཔལ་འབྱོར་ཡོང་ཁུངས་གལ་ཆེན་ཞིག་རེད།  1998ལོར་ཀྲུང་གོས་རང་བྱུང་ནགས་ཚལ་གཅོད་རྒྱུར་བཀག་སྡོམ་བྱ་རྒྱུའི་གཏན་འབེབས་བྱས་ནས་སེམས་ཀྱི་ཉི་ཟླའི་རྗེས་སུ་རྨོ་བསྐྱུར་ནགས་གསོ་དང་། ཕྱུགས་དོར་རྩྭ་གསོ། རང་བྱུང་ནགས་ཚལ་སྲུང་སྐྱོང་། ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཁ་གསབ་སོགས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལས་གྲྭ་འཛུགས་སྐྲུན་བྱས་ཏེ་ཕན་འབྲས་མངོན་གསལ་ཐོབ་ཡོད།

5e83d5d4-b279-40ff-be93-69ae614f1513.jpg

ནགས་ཕག་མཚོ་རྒྱལ་སྤྱིའི་རླན་ས་གལ་ཆེན།

2017ལོར།  སེམས་ཀྱི་ཉི་ཟླས་ནགས་ཚལ་ཁྲི་བརྒྱའི་ལས་གྲྭ་ལག་བསྟར་བྱས་པ་དང་།  ས་གནས་དང་འཚམ་པའི་ལྗོན་ཤིང་གི་རྩ་དོན་ལྟར་གདོང་ཤིང་དང་། ཡུན་ཧྲན་གསོམ་ཤིང་། ཤུག་པ། ཧྭ་ཧྲན་ཐང་ཤིང་། སྲེའུ་མེ་ཏོག་སོགས་ས་བབ་མཐོ་བའི་གྲང་ངར་ཐེག་ཐུབ་པའི་ཤིང་རིགས་བདམས་ནས་ནགས་བཟོ་སྔོ་འགྱུར་བྱས་པ་རེད།  ད་ལོའི་ཟླ་6པའི་བར།  ནགས་ཚལ་ཁྲི་བརྒྱའི་ལས་གྲྭས་སྡོང་རྐང་ཁྲི་380བཙུགས་ཡོད་པ་དང་ནགས་ཚལ་གྱི་ཁེབས་ཚད་77.6%ཟིན་ཡོད།

མཛེས་སྡུག་གི་ཤང་གྲོང་འཛུགས་སྐྲུན་བྱེད་པའི་ཆེད་དུ།  གྲོང་ཁྱེར་ཡོངས་ཀྱིས་ཤང་གྲོང་7གྱི་འཚོ་བའི་གད་སྙིགས་དང་ཤང་གྲོང་10ཡི་འཚོ་བའི་བཙོག་ཆུ་ཐག་གཅོད་ནུས་ལྡན་ཐུབ་པའི་འགན་ལེན་བྱ་རྒྱུ་དང་། གྲོང་རྡལ་གྱི་སྤྱི་པའི་གསང་སྤྱོད་ཁང་15དང་གྲོང་གསེབ་ཀྱི་གསང་སྤྱོད་ཁང་ཁྲི་1ཡན་གསར་སྐྲུན་བསྐྱར་སྐྲུན་བྱས་པ། མ་དངུལ་སྒོར་དུང་ཕྱུར་1.7བཏང་ནས་ཞིང་པའི་སྡོད་ཁང་8800ཡི་ཡོམ་འགོག་སྒྱུར་བཀོད་བྱས་པ་རེད།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དང་། གཏེར་རི་དང་གློག་འདོན་ས་ཚིགས། གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་བཅས་ཀྱི་སྣོད་བཅུད་སླར་གསོ་བཅོས་སྒྲིག་བྱས་ནས་ལོ་མཇུག་གོང་ལྕགས་རིགས་མིན་པའི་གཏེར་རིའི་གྲངས་འབོར་50ནང་ཚུན་དུ་ཚོད་འཛིན་བྱ་རྩིས་ཡོད་པ་རེད།

19707578-c985-4162-bb2d-54935432dde8.jpg

པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་ཟུར་ཞིག

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ད་དུང་སྐྱེ་ཁམས་སྲུང་སྐྱོང་དང་དབུལ་སྐྱོར་ལས་ཀ་ཟུང་དུ་འབྲེལ་ཏེ། ས་གནས་དེ་གའི་ཞིང་དུད་ཁྲོད་4642བདམས་ནས་སྐྱེ་ཁམས་ནགས་སྲུང་པའི་འགན་ཁུར་དུ་བཅུག  དེའི་ཁྲོད་ཀྱི་མི་མང་ཆེ་བ་ནི་དབུལ་ཕོངས་དུད་ཚང་ཡིན་ལ། མི་རེར་ལོ་རེར་སྒོར་མོ་ཁྲི་གཅིག་གི་ཁ་གསབ་རོགས་དངུལ་ལེན་ཐུབ་པ་རེད།

སྐྱེ་ཁམས་ཡུལ་སྐོར་ནི་སེམས་ཀྱི་ཉི་ཟླའི་ཐོན་ལས་གལ་ཆེན་ཤོས་ཞིག་ཡིན་ལ།  ས་གནས་དེ་གར་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་དེ།  པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དང་རྡོ་མཁར་རྫོང་།  དགའ་ལྡན་སུམ་རྩེན་གླིང་སོགས་མི་ཆོས་དང་རང་བྱུང་ལྗོངས་ཁུལ་དག་གིས་ལོ་ལྟར་ཡུལ་སྐོར་བ་མང་པོ་འགུག་ཡོད།  2019ལོར།  གྲོང་ཁྱེར་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1651ལྷག་སྣེ་ལེན་བྱས་ཡོད་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་199.33བྱུང་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།