ཀྲུང་གོ་བོད་ཀྱི་དྲ་བ།

ང་ཚོས་མཉམ་དུ་བདེ་ཆེན་གྱི་རས་པའི་སྒྱུ་རྩལ་ལ་རྒྱུས་ལོན་ཐེངས་ཤིག་བྱ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2020-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རལ་བའམ་རས་པ་ནི་སྐྱེས་པས་གཡས་ལག་ལ་སིལ་སྙན་དང་གཡོན་ལག་ཏུ་རྔ་ཕྱགས་ཐོགས་པ་དང་།  བུད་མེད་ཀྱིས་རྔ་ཆུང་བཟུང་ནས་མཉམ་དུ་འཁྲབ་པའི་དམངས་ཁྲོད་ཀྱི་ཞབས་བྲོ་ཞིག་སྟེ།  བྲོ་གར་འདི་བོད་ཀྱི་མཆོད་སྲོལ་རིག་གནས་དང་དམ་དུ་འབྲེལ་ཞིང་།  ད་ལྟའི་བར་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པ་རེད། 

རས་པ་འདི་བདེ་ཆེན་གྱི་མངའ་ཁོངས་ནང་དུ་དར་ཁྱབ་བྱུང་བའི་བརྒྱུད་རིམ་ཁྲོད་མཐའ་ཆུའི་རས་པ་དང་།  གསལ་སྣང་རས་པ།   ཧྲང་ཅང་རས་པ། ཅིན་ཅང་རས་པ་སོགས་སྣ་མང་པོ་ཞིག་བྱུང་ཡོད་ཅིང་།  རིམ་བཞིན་ས་གནས་རང་གི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་གྲུབ་ཡོད།  དུས་ཡུན་རིང་པོའི་མི་རིགས་རིག་གནས་མཉམ་འདྲེས་བྱས་པ་བརྒྱུད་བདེ་ཆེན་གྱི་བོད་མིས་རས་པའི་སྒྱུ་རྩལ་རིག་གནས་རྒྱུན་འཛིན་བྱེད་པ་ལས་གཞན་ད་དུང་ལི་སུའུ་རིགས་དང་འཇང་རིགས་སོགས་སྤུན་ཟླ་མི་རིགས་ཀྱིས་ཀྱང་སློབ་སྦྱོང་དང་རྒྱུན་འཛིན་བྱེད་པའི་རྣམ་པ་བཟང་བོ་ཞིག་ཆགས་ཡོད།   བདེ་ཆེན་རས་པ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཁྱབ་རྒྱ་ཆེ་བ། ནང་དོན་ཕུན་སུམ་ཚོགས་པ། རིག་གནས་ཀྱི་རྨང་གཞི་ཟབ་པ་བཅས་ཀྱི་ཁྱད་ཆོས་མངོན་པར་གསལ་ཞིང་།སྒྱུ་རྩལ་གྱི་རང་བཞིན་དང་ལྟད་མོའི་རང་བཞིན།མཛེས་དཔྱོད་ཀྱི་རིན་ཐང་ཅུང་ཆེ་བ་ཡོད། 2014ལོའི་ཟླ་11པར་བདེ་ཆེན་གྱི་རས་པའི་སྒྱུ་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་མིང་གཞུང་རྣམ་གྲངས་ནང་ཚུད་ཡོད།

ཟུར་བཀོད།

རས་པ་ནི་བོད་ཀྱི་ཟློས་གར་རིག་པའི་རྣམ་གྲངས་ཤིག་ཏེ། རྔ་དང་གཤང་འཁྱེར་ནས་གཏམ་བཤད་པ་དང་གཞས་གཏོང་བ།ཞབས་བྲོ་འཁྲབ་པ། ཡང་རྩལ་དང་རྩ་རླུང་དང་ཟློས་གར་གྱི་འཁྲབ་ཚན་ཐུང་ངུ་སོགས་འདུས་པའི་ཕྱོགས་བསྡུས་ཀྱི་སྒྱུ་རྩལ་རྣམ་པ་ཞིག་གོ། སྒྱུ་རྩལ་གྱི་རྣམ་པ་དེ་ཉིད་ད་ལྟ་བོད་ལྗོངས་ཆབ་མདོ་དང་ཀོང་པོ་དང་ནག་ཆུ། ཡུན་ནན་དང་སི་ཁྲོན་དང་མཚོ་སྔོན་དང་ཀན་སུའུ་སོགས་ཀྱི་བོད་རིགས་ས་ཁུལ་དུ་དར་ཁྱབ་ཆེ། འོན་ཀྱང་ཡུན་རིང་གི་འཕེལ་རྒྱས་ལོ་རྒྱུས་ནང་ས་གནས་སོ་སོའི་རས་པ་ལ་ཐུན་མོང་མ་ཡིན་པའི་ཆ་ཡང་མང་པོ་ཞིག་གྲུབ་ཡོད། 

བོད་སིལ་བུའི་དུས་སྐབས་སུ།  རྗེ་མི་ལ་རས་པས་རང་གི་བླ་མ་ལྷོ་བྲག་མར་བ་ལོ་ཙཱ་བའི་བཀའ་ལྟར་སྲས་མཁའ་དགུ་ཐོག་རྩིག་དུས། ཁོང་གིས་ཐོག་སོ་རིམ་པ་རེ་གྲུབ་ན། བྲོ་གཞས་ཀྱིས་དགའ་སྟོན་རེ་སྒྲིག་པར་བཞེད།  སྲས་མཁར་དགུ་ཐོག་ནི་ལོ་དྲུག་ཟླ་བརྒྱད་ཙམ་ལ་དཀའ་བ་སྤྱད་མཐར། ད་གཟོད་རིམ་པ་དགུ་བརྩིགས་ནས་གྲུབ་པ་ཡིན་པས། སྔ་ཕྱིར་བྲོ་གཞས་སོགས་ཀྱི་དགའ་སྟོན་ཡང་རིམ་པ་དགུ་བྱས། དེ་ཡང་བརྩེགས་རིམ་དགུ་བའི་དགའ་སྟོན་ནི་སྟོན་ཆེན་ཡ་མེད་ཅིག་ཡིན་པས།  ཨ་བོ་མཐུ་ཆེན་གྱིས་སྐུ་དངོས་སུ་སིལ་རྔའི་བྲོ་གར་རྩོམ་ཁྲིད་གང་ལེགས་མཛད་པས།  དུས་དེ་ནས་བཟུང་རས་པའི་བྲོ་གར་འཐུས་སྒོ་ཇེ་ཚང་དུ་གྱུར་པ་ནི།  རས་རྐྱང་ལྭ་བར་ཐིག་གུ་ཁྲ་རིས་སྤྲས།།མགུལ་རྣའི་རྒྱན་ཆ་གའུའི་སྲུང་འཁོར་དང་། །དབུ་སྐྲ་མགོ་དཀྲིས་གོས་སྐུད་ཇ་ལས་བརྒྱན། །རྐང་ལྷམ་ཡང་མོར་ལྷམ་སྒྲོག་མཛེས་པར་དཀྲིས། །ལག་གཡས་འཁྲབ་ཆས་སིལ་སྙན་ལྔ་ལྡན་དང་། །ལག་གཡོན་འབྲོང་རྔས་ལེགས་སྤྲས་གཡང་འགུགས་འཛིན། །སྟག་ཤར་གཞོན་ནུས་བདེ་མྱུར་འཁྱུག་པོར་འཁྲབ། །ལག་རྔ་ཡུ་རིང་རྔ་གདབ་ལེགས་གུག་གི།རྡུང་མཁས་བུ་མོའི་བྲོ་རྩལ་རྨ་བྱ་ཡིས། །སྒྲོ་གུར་ཕུབ་དང་ཁ་ཡུག་རྩེད་འཇོའི་ཚུལ། །གཞན་ཡང་བང་རྔ་འཁོར་རྒྱུག་མཆོང་བརྡུང་དང་། །རྒྱབ་རྔ་དགྱེ་སྒུར་དགུ་འཁྱིལ་བརྡུང་བྲོ་འཕྲུལ། །རས་པས་རྔ་བརྡུང་རས་རྔ་སྐོར་གཡུགས་ཀྱིས། །འཁྱུག་བྲོ་གཡུ་འབྲུག་ངར་གྱིས་གནམ་ས་འདར། །ཌ་རི་སྤྱོད་འདར་སྐོར་བརྡུང་ལ་སོགས་ཀྱི། །སྲས་མཁར་དགུ་ཐོག་ལྷག་གྲུབ་དགའ་སྟོན་སྟེང་། །ལྟད་མོ་ཡ་མཚན་རས་པའི་སྙན་པ་རྒྱས། །ཞེས་པ་ལྟར་ཡིན་ཞིང་། རྗེ་བཙུན་མཆོག་གིས་དབྱར་དགུན་སྟོན་དཔྱིད་ལ་ཁྱད་མེད་པར་དུས་ཚིགས་བཞི་བོར་ན་བཟའ་རས་རྐྱང་མནབས་པས། སིལ་རྔའི་ཞབས་བྲོ་བས་ཀྱང་རྒྱུད་དང་མཐུན་པའི་ཁོང་གི་བཀའ་དང་། ཆ་ལུགས། འཁྲབ་སྟངས་སོགས་དང་ལེན་རྒྱུད་འཛིན་བྱས་པས་ན་རས་པ་ཞེས་གྲགས་སོ། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།