ཡུན་ནན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་བདེ་ཆེན་ཁུལ་གྱིས་མུ་མཐུད་དུ་སྐྱེ་ཁམས་སྤུས་རྟགས་ཡག་པོ་བསྐྲུན་ནས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་གཏོད་རྒྱུའི་རེ་བ་བཏོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས2ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཆི་ཅན་ཞིན་གྱིས་རུ་ཁག་སྣེ་ཁྲིད་དེ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དུ་འབྱོར་ནས་འབྲེལ་མཐུད་ལས་དོན་སྐོར་གྱི་སྙན་སེང་ཞུས་པ་རེད། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་ཀྲང་ཅི་ཧྭ་ཡིས་བདེ་ཆེན་ཁུལ་གྱིས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད།  བདེ་ཆེན་གྱིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་བཏོད་དེ་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་རེ་བ་ཡང་བཏོན་པ་རེད།

ཚོགས་འདུའི་ཡུལ་དངོས།

ཀྲང་ཅི་ཧྭ་ཡིས་བདེ་ཆེན་གྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྤྱི་ཡོངས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། ཉེ་བའི་ལོ་ཤས་རིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། བདེ་ཆེན་གྱིས་བཏོན་པའི་གནད་དོན་སྐོར། ཞིང་ཆེན་ཐིང་གི་གཞུང་ལས་ཁང་ཁག་གིས་འགན་འཁྲི་ཁག་བགོས་ལྟར་ཞིབ་འཇུག་དང་ཐག་གཅོད་ནན་ཏན་བྱས་ཏེ་གོང་རིམ་གྱིས་རྒྱབ་སྐྱོར་བྱེད་པའི་དགོས་མཁོ་ཡོད་ན་ཧུར་ཐག་གིས་བདེ་ཆེན་ལ་རམ་འདེགས་བྱས་ཏེ་གོང་རིམ་ལ་སྙན་སེང་ཞུ་རྒྱུར་བརྩོན་ལེན་བྱ་རྒྱུ་ཡིན་ཞིང་། བདེ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་བསྟན། 

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་ཀྲང་ཅི་ཧྭ་ཡིས་བདེ་ཆེན་ལ་རེ་བ་འདོན་བཞིན་པ།

ཀྲང་ཅི་ཧྭ་ཡིས་བདེ་ཆེན་གྱིས་མུ་མཐུད་དེ་སྐྱེ་ཁམས་ཀྱི་སྤུས་རྟགས་ཡག་པོ་བསྐྲུན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་ཐེངས་གཉིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་འབྲི་ཆུའི་དབུས་རྒྱུད་དང་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཏན་ཏིག་ངང་ཇེ་བརྟན་དུ་གཏོང་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་ནས་བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་གང་ལེགས་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་གི་ལྟ་སྐུལ་དོ་དམ་ནུས་པའི་འཛུགས་སྐྱོང་ལ་མཐོང་ཆེན་བྱས་ཏེ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་གཏོད་དགོས་པའི་ནན་བཤད་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲིས་གཏམ་བཤད་གནང་བཞིན་པ། 

ཝང་དབྱི་ཀྲིས་བདེ་ཆེན་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་སྲུང་སྐྱོང་དང་འཕེལ་རྒྱས།  འཕེལ་རྒྱས་དང་བརྟན་ལྷིང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་བདེ་ཆེན་ཁུལ་གྱི་གཙོ་གནད་རྣམ་གྲངས་ཁག་གཅིག་ལ་སྐུལ་སྤེལ་ལ་རོགས་སྐྱོར་དང་མཛུབ་ཁྲིད་ཐད་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཆི་ཅན་ཞིན་གྱིས་ལས་དོན་སྙན་སེང་ཞུ་བཞིན་པ།

ཚོགས་འདུའི་ཐོག་ཆི་ཅན་ཞིན་གྱིས་བདེ་ཆེན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་སྤེལ་བའི་གནས་ཚུལ་དང་དེ་བཞིན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཕྱོགས་བརྒྱད་ཀྱི་ཐད་རོགས་རམ་གནང་ནས་ཐག་གཅོད་བྱེད་དགོས་པའི་སྙན་སེང་ཞུས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།