ཡུན་ནན་སྨན་རི་གངས་རི་རྒྱལ་ཁབ་སྤྱི་གླིང་གི་སྒོ་བརྒྱབ་པ་རེད།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ཨུ་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཁ་བ་དང་ཆར་ཆེན་པོ་བབས་པའི་གནམ་གཤིས་རྐྱེན་གྱིས་སྨན་རི་གངས་རི་རྒྱལ་ཁབ་སྤྱི་གླིང་ཕྱི་ནང་གི་འགྲོ་ལམ་ལ་གཏོར་སྐྱོན་ཚབས་ཆེན་བཟོས་པས། སྤྱི་གླིང་གིས་ཚེས26ཉིན་ནས་བཟུང་གནས་སྐབས་སུ་ཕྱི་ཕྱོགས་ལ་སྒོ་བརྒྱབ་པ་རེད།

 ཚེས22ཉིན་ནས་བཟུང་བདེ་ཆེན་རྫོང་ཁོངས་སུ་ཁ་བ་དང་ཆར་བ་རྒྱུན་མཐུད་ངང་བབས་ནས་སྤྱི་གླིང་ཕྱི་ནང་གི་འགྲོ་ལམ་ལ་གཏོར་སྐྱོན་ཚབས་ཆེན་བཟོས་ཤིང་། ཡུལ་སྐོར་བ་དང་གནས་སྐོར་བའི་བདེ་འཇགས་ལ་འགན་ལེན་བྱ་ཆེད། བདེ་ཆེན་སྨན་རི་གངས་རི་རྒྱལ་ཁབ་སྤྱི་གླིང་གསར་སྤེལ་གཉེར་སྐྱོང་ཚད་ཡོད་ཀུང་སིས་ལས་མི་སྒྲིག་འཛུགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཉེན་སེལ་ཤར་གཏོང་གི་ལས་དོན་རབ་དང་རིམ་པ་སྤེལ།

 ཟླ5བའི་ཚེས25ཉིན་གྱི་དགོང་མོར་ས་གནས་དེའི་ཁ་བ་དང་ཆར་འབབ་ཚད་ཇེ་མང་དུ་ཕྱིན་ནས་ཇོ་བོ་ནམ་མཁའ་བཀྲ་ཤིས་ཀྱི་ལྷ་ཁང་མཛེས་ལྗོངས་ཁུལ་ནས་ཁ་བ་དཀར་པོ་ཟམ་ཆེན་གྱི་ལམ་དུམ་གྱི་གནས་མང་པོ་བརྡིབས་པ་དང་རྡོ་ལྷུང་ཡོད་པ་རེད། མུན་ཡོན་འཁྱགས་རོམ་མཛེས་ལྗོངས་ཁུལ་གྱི་ཟུར་ལམ་གཞུང་ལམ་གྱི་ལམ་དུམ་བུ་ཁག་གཅིག་དང་། མུན་ཡུང་འཁྱགས་རོམ་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་རླངས་འཁོར་གྱི་ལམ་དུམ་ཁག་གཅིག་ཀྱང་བརྡིབས་ཏེ། ཁ་བ་དཀར་པོ་ཟམ་ཆེན་ནས་ཤིས་ཏང་དོ་དམ་ས་ཚིགས་བར་གྱི་ལམ་དུམ་ཁག་གཅིག་ཏུ་འདམ་རུད་དང་བརྡིབས་པའི་གནས་ཚུལ་བྱུང་ཡོད།

མིག་སྔར་ད་དུང་ཁ་བ་དང་ཆར་བ་འབབ་བཞིན་ཡོད་དེ། གནོད་སྐྱོན་ཐེབས་པའི་ཁྱབ་ཁོངས་ཅུང་ཆེ་བས་ས་གནས་སུ་ཉེན་སེལ་མྱུར་བཟོ་ལས་དོན་གྱི་གནོན་ཤུགས་ཆེ་རུ་ཕྱིན་ནས་རི་ཉིལ་བ་དང་འདམ་རུད་དུས་ཐོག་ཏུ་གཙང་སེལ་བྱེད་ཐབས་བྲལ།

མཛེས་ལྗོངས་ཁུལ་གྱིས་གནམ་གཤིས་ཀྱི་གནས་ཚུལ་ལ་གཞིགས་ནས་རི་ཉིལ་བ་དང་འདམ་རུད་དུས་ཐོག་ཏུ་གཙང་བཤེར་བྱ་རྒྱུར་དང་། བདེ་འཇགས་ཀྱི་ཆ་རྐྱེན་འཛོམས་རྗེས་སླར་ཡང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།