ཀྲུང་གོ་བོད་ཀྱི་དྲ་བ།

པད་མ་ཆོས་མཚོ་ཝུའུ་ཧན་དུ་རོགས་སྐྱོར་སོང་ནས་ཕ་ཡུལ་ལ་ལོག་བྱུང་།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2020-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། པད་མ་ཆོས་མཚོ་ནི1994ལོའི་ཟླ8པར་འཇོལ་རྫོང་དུ་སྐྱེས་བ་དང་། ཀྲུང་ཧྲན་སློང་ཆེན་གྱི་སུན་དབྱི་ཞན་དྲན་གསོ་སྨན་ཁང་CCUནད་ཁུལ་གཉིས་པའི་ནད་གཡོག་པ་ཞིག་ཡིན་ལ། ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་དུས་མོ་ཡིས་རང་འགུལ་ངང་རེ་འདུན་ཞུས་ནས་དཔའ་ངར་ཆེན་པོས་རིམས་ནད་ཚབས་ཆེ་ཤོས་ཀྱི་ས་ཆར་བསྐྱོད་དེ་མེ་རྫས་མེད་པའི་དམག་འཁྲུག་དེར་རང་སྟོབས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

ཟླ2པའི་ཚེས6ཉིན་གྱི་ཆུ་ཚོད12པར།  པད་མ་ཆོས་མཚོ་ལ་ཧུའུ་པེར་རོགས་སྐྱོར་སྨན་བཅོས་རུ་ཁག་ནང་ཞུགས་རྒྱུའི་སྐོར་གྱི་སྨན་ཁང་གི་རང་མོས་ཐོ་འགོད་ཆ་འཕྲིན་འབྱོར་བྱུང་། མོས་འཕྲལ་མར་ནང་མི་དང་འབྲེལ་གཏུག་བྱེད་ཀྱི་ཡོད། གང་ལགས་ཤེ་ན། མོ་ནི་ཁྱིམ་ནང་གི་བུ་མོ་གཅིག་པུ་དེ་ཡིན་པ་མ་ཟད། ས་ཆ་གཞན་དུ་ལས་ཀ་བྱེད་ཀྱི་ཡོད་པས་ཨ་མ་དང་ཐོག་མོས་མཐུན་མ་བྱུང་མོད། འོན་ཀྱང་ཁ་ཏ་བསླབ་བྱ་བྱས་པ་བརྒྱུད་མཐར་ཨ་མས་མོའི་རེ་བར་མོས་མཐུན་བྱས་པ་རེད།

ཟླ2པའི་ཚེས7ཉིན།  སྨན་བཅོས་རུ་ཁག་ཁག་གཉིས་པས་ཧུའུ་པེར་རོགས་སྐྱོར་བྱས་ཏེ་CCUཡི་ནད་གཡོག་པ་ཅིག་ཡིན་པའི་ངོས་ནས་ནད་གཞི་ལྕི་པོ་ཕོག་པའི་ནད་པར་ནད་གཡོག་བྱེད་པའི་ཉམས་མྱོང་ལྡན་པའི་པད་མ་ཆོས་མཚོ་ཡིས་ཝུའུ་ཧན་ཧྭ་ཀྲུང་ཚན་རྩལ་སློབ་ཆེན་ཐུང་ཅི་གསོ་རིག་སློབ་གླིང་གི་ཞོར་གཏོགས་ཞེ་ཧོ་སྨན་ཁང་ནུབ་ཁང་གི་ཐོག་བརྩེགས་བདུན་པའི་ཤར་ངོས་ཀྱི་ནད་ཁུལ་དུ་གཙོ་བོ་ནད་གཞི་ལྕི་པོ་ཕོག་པའི་ནད་པར་ནད་གཡོག་བྱེད་དགོས་ཀྱི་ཡོད། སྨན་སྤྲོད་(སྡོད་རྩར་སྨན་ཆུ་བླུག་པ་དང་སྨན་འཐུང་བ་ཚུད་པ)འགན་འཁུར་དགོས་པ་དང་ནད་པའི་ཚེ་སྲོག་གི་ལུས་རྟགས་དང་སེམས་ཁམས་ཀྱི་ནད་གཡོག་ཟིན་ཐོར་འགོད་པ། དབུགས་རྔུབ་ལེན་འཕྲུལ་ཆས་སྤྱད་ཡོད་པ་དང་གློ་ཡུའི་ཁ་ཕྱེས་པའི་ནད་པར་ཁ་ལུད་འཐེན་རོགས་བྱས་པ། འཚོ་བ་རང་མགོ་མི་ཐོན་པའི་ནད་པར་རང་ཉིད་ཀྱི་འཕྲོད་བསྟེན་དང་ཡར་ལངས་ནས་རྨ་གནོན་སོགས་ཀྱི་ལས་ཀ་སྒྲུབ་རོགས་བྱེད་དགོས།

ཝུའུ་ཧན་དུ་འབྱོར་རྗེས་ངལ་གསོ་དང་སྦྱོང་སྒྲིག་བྱེད་ཁོམ་མེད་པའི་པད་མ་ཆོས་མཚོས་ལམ་སེང་ནད་ཁང་དུ་ལས་ཀ་བྱེད་འགོ་བཙུགས་པ་དང་མོས་ཉིན་ལྟར་འགོག་སྲུང་གྱོན་ཆས་གྱོན་ནས་ ཟུར་འཇོག་ནད་ཁང་ནང་ཆུ་ཚོད་བཞི་རེ་ལས་ཀ་བྱེད་དགོས་ཀྱི་ཡོད།

ཉིན50ལྷག་ཙམ་རིང་ཝུའུ་ཧན་དུ“རིམས་ནད”ལ་འགོག་རྒོལ་བྱེད་པའི་ཉམས་མྱོང་ཕྱིར་དྲན་བྱེད་སྐབས་པད་མ་ཆོས་མཚོ་ཡིས་མྱོང་ཚོར་མང་པོ་བྱུང་ཡོད། མོས་དམིགས་བསལ་གྱི་དུས་སྐབས་འདིར་རྒྱུས་མངའ་མེད་པའི་ཁོར་ཡུག་ནང་སྨན་དོན་མི་སྣ་ཚང་མ་ཁྱིམ་ཚང་ཆེན་པོ་ཞིག་ཏུ་གྱུར་ནས་ལས་ཀའི་ཁྲོད་ཕན་ཚུན་རོགས་རམ་དང་། གོ་རིམ་ལྡན་པ་དང་ཕན་འབྲས་ཆེ་བའི་འབྲེལ་གཏུག་རྒྱུན་འཁྱོངས། ཕྱར་བ་གྲུ་འདེགས་ཀྱིས་ནད་པ་གང་མགྱོགས་དྲག་སྐྱེད་ཡོང་རྒྱུར་རོགས་རམ་བྱས་ཡོད། དེ་མིན་ནད་པ་ཚོས་ཀྱང་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་ཚུལ་གྱིས་ཕན་ཚུན་སྐུལ་ལྕག་བྱས་པ་དང་མཉམ་དུ་སྤྲོ་སྣང་གིས་རིམས་ནད་ལ་ཁ་གཏད་བྱས་པ་རེད།

ཐེངས་འདི་ཝུའུ་ཧན་དུ་རོགས་སྐྱོར་སོང་ནས་པད་མ་ཆོས་མཚོས་དེ་བས་རང་ཉིད་ཀྱི་ལས་ཀ་ལ་དགའ་བ་དང་།  མོས་རང་ཉིད་ཀྱིས་རིམས་ནད་འགོག་པའི་དམག་འཐབ་འདིའི་ནང་ནུས་ཤུགས་ཡོད་རྒུ་བཏོན་ནས་གཟི་བརྗིད་ལྡན་པ་དང་སྤོབས་པ་སྐྱེ་ཐུབ་པ་དང་དུས་མཚུངས་རང་ཉིད་ཀྱང་རིམས་ནད་དེའི་རྗེས་རྒྱལ་ཁབ་ལ་དེ་བས་དགའ་བ་དང་མི་རིགས་ཀྱི་སྤོབས་སེམས་ཆེན་པོ་ལྡན་ཡོད་ཞེས་ཟེར།

པྲོག་གསར་གློ་ཚད་ཀྱི་མུན་པ་སེལ་ནས་དྲོ་སྐྱིད་ལྡན་པའི་དཔྱིད་ཀ་ང་ཚོའི་ཕྱོགས་སུ་ཡོང་བཞིན་ཡོད། ཁྱིམ་དུ་མ་ལོག་གོང་པད་མ་ཆོས་མཚོ་ཡིས་ཉིང་སྐྱུར་ཞིབ་བཤེར་ཐེངས་གསུམ་བྱས་པ་དང་དྭངས་ཁྲག་ནང་གི་དུག་སྲིན་འགོག་རྫས་ཞིབ་བཤེར་ཐེངས་གཅིག་བྱས་པ་ཚང་མ་སྲིབ་གཤིས་ཡིན་པ་དང་ཀོང་ཏུང་ཞིང་ཆེན་CDCཚོད་སྐོར་བྱས་པ་བརྒྱུད་ཉེན་ཁ་མེད་པས། སྨན་ཁང་གིས་ཁོ་མོ་ཁྱིམ་དུ་ལོག་ནས་འཁོར་ཞག་ལ་གཟའ་འཁོར་གཉིས་འགྲོ་རྒྱུའི་ཆོག་མཆན་སྤྲད་པ་རེད། ཟླ་4ཚེས་23ཉིན་ཁོ་མོ་ཁུན་མིང་ནས་གནམ་གྲུར་བསྡད་དེ་བདེ་ཆེན་དུ་ལོག་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།