ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་བོད་རིགས་ས་ཁུལ་བདེ་ཆེན་དུ2019ལོའི་ལོ་མཇུག་ཏུ་རིམ་རྩིས་བྱས་ན་དབུལ་པོ72560ཡིས་ཉུང་དུ་ཕྱིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས17ཉིན་གློག་འཕྲིན་འབྱོར་གསལ། ཚེས17ཉིན་གསར་འགོད་པས་བདེ་ཆེན་ཁུལ་དབུལ་ཐར་འགག་སྒྲོལ་གྱི“ཉིན་བརྒྱའི་སྤྱིའི་འགག་སྒྲོལ་རྟིང་རྩོད་དང་རྒྱལ་ཁ་ལེན་པའི”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2019ལོའི་ལོ་མཇུག་བར་ཁུལ་ཡོངས་སུ་རིམ་རྩིས་བྱས་ན་དབུལ་བོ་72560ཡིས་ཉུང་དུ་ཕྱིན་པ་དང་། དབུལ་བོར་གྱུར་ཚད0.53%ལ་མར་ཆག་པས། ཁུལ་ཡོངས་ཀྱི་གྲོང་ཚོ་དབུལ་བོ147ཚང་མ་དབུལ་ཐར་ཕྱིར་འབུད་ཀྱི་ཚད་གཞིར་སླེབས་ཡོད་པ་རེད།

ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་ཡུན་ནན་གྱི་དབུལ་ཐར་འགག་སྒྲོལ་གྱི་གཡུལ་ས་གཙོ་བོ་ཡིན་ལ། རྒྱལ་ཁབ་ཀྱི“ས་ཁུལ་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གྲས་ཤིག་ཀྱང་ཡིན། 2015ལོའི་ལོ་མཇུག་ཏུ་མི་འབོར་དབུལ་བོའི་གཞི་ཁྱོན་ནི་དུད་ཚང19630དང་མི་གྲངས73998ཡོད་པ་དང་དབུལ་བོར་གྱུར་ཚད24.95%ཟིན་ཡོད།

བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་གི་ཀྲུའུ་རེན་ཧྲེ་ཁྲུན་ཏེས་ངོ་སྤྲོད་བྱས་པར་གཞིགས་ན། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ཕྱོགས་ཡོངས་ནས་འགོ་བཙུགས་པ་ནས་བཟུང་བདེ་ཆེན་གྱི་ཞིང་འབྲོག་པའི་ཐོན་ལས་ལས་ཞུགས་ཡོང་འབབ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

2019ལོའི་ལོ་མཇུག་བར་བདེ་ཆེན་ཁུལ་གྱིས་རིམ་རྩིས་བྱས་ན་དབུལ་པོ་ཇེ་ཉུང་དུ་ཕྱིན་ཚད་དུད་ཚང19045དང་མི་གྲངས72560ལ་སླེབས་པས་མི་འབོར་དབུལ་པོའི་དུད་ཚང508དང་མི་གྲངས1579ཡིས་ཉུང་དུ་ཕྱིན་ནས་དབུལ་པོར་གྱུར་ཚད0.53%ལ་ཆག ཁུལ་ཡོངས་ཀྱི་གྲོང་ཚོ་དབུལ་པོ147ཚང་མ་དབུལ་ཐར་ཕྱིར་འབུད་ཀྱི་ཚད་གཞིར་སླེབས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་བདེ་ཆེན་རྫོང་གི་སྤུས་ཚད་མཐོ་བའི་དབུལ་ཐར་མངོན་འགྱུར་བྱུང་བ་དང་། མིག་སྔར་འབའ་ལུང་རྫོང་གིས་ཁུལ་རིམ་པའི་ཞིབ་བཤེར་གཏན་འབེབས་ལེགས་གྲུབ་ཟིན་ནས་ཡུན་ནན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་ལ་ཞིང་ཆེན་རིམ་པའི་ཕྱོགས་གསུམ་པའི་ཆེད་དོན་དཔྱད་དཔོག་དཔྱད་ཞིབ་རེ་ཞུ་བྱས་པ་རེད།

ཧྲི་ཁྲུན་ཏེ་ཡིས2015ལོ་ནས2018ལོའི་བར་ཁུལ་ཡོངས་ཀྱིས་རིམ་རྩིས་བྱས་ན་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར70(མི་དམངས་ཤོག་སྒོར། གཤམ་མཚུངས)བཏང་ཡོད། 2018ལོར་ཤིན་ཏུ་དབུལ་བའི་དབུལ་ཐར་འགག་སྒྲོལ་རྣམ་གྲངས་མཛོད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར24.34བཏང་བ་དང་། 2019ལོར་མ་དངུལ་སྒོར་དུང་ཕྱུར26.07བཏང་ནས་དབུལ་ཐར་རྣམ་གྲངས་ཀྱི་དགོས་མཁོར་ནུས་པ་ལྡན་པའི་འགན་ལེན་བྱས་ཡོད།

ད་ལོར་བདེ་ཆེན་གྱིས“ཉིན་བརྒྱའི་སྤྱིའི་འགག་སྒྲོལ་རྟིང་རྩོད་དང་རྒྱལ་ཁ་ལེན་པའི་”བྱ་འགུལ་སྤེལ་ནས་ལས་ཞུགས་དབུལ་སྐྱོར་དང་། ཐོན་ལས་དབུལ་སྐྱོར། ཡུལ་གཞན་དུ་གནས་སྤོར་དབུལ་སྐྱོར་བཅས་ཀྱི་རྗེས་མཐུད་བྱེད་ཐབས་དོན་འཁྱོལ་བྱ་རྒྱུའི་གཙོ་གནད་དམ་འཛིན་དང་། རྣམ་གྲངས་ཀྱི་མ་དངུལ་ལག་བསྟར་དོན་འཁྱོལ་དང་། དབུལ་འགོག་ལྟ་ཞིབ་ཚད་ལེན། གནད་དོན་བཅོས་སྒྲིག་སོགས་ལ་དམ་འཛིན་བྱས་པ་རེད།

དབུལ་ཞྭ་ཕུད་རྗེས་བདེ་ཆེན་གྱིས་ད་དུང་སྲ་བརྟན་དང་མཐོ་རུ་གཏོང་བའི་བྱེད་ཐབས་སྤྱད་དེ“དབུལ་ཞྭ་ཕུད་ཀྱང་འགན་འཁྲི་མི་འདོར་བ་དང་། དབུལ་ཞྭ་ཕུད་ཀྱང་སྲིད་ཇུས་མི་འདོར་བ། དབུལ་ཞྭ་ཕུད་ཀྱང་རོགས་སྐྱོར་མི་འདོར་བ། དབུལ་ཞྭ་ཕུད་ཀྱང་ལྟ་སྐུལ་དོ་དམ་མི་བྱེད་པ་བཅས་བྱས་ནས་དབུལ་པོ་བསྐྱར་ལོག་མི་ཡོང་བ་བྱ་རྒྱུ་ཡིན་པ་རེད། ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།