ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་གྱིས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་རྒྱུགས་ལན་ཡག་པོ་ཞིག་ཕུལ་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དེ་ཁུལ་ནི་ཨ་སྔོན་སྤྲིན་དཀར་གྱིས་རྒྱན་ཞིང་། དངོས་རིགས་ཕུན་སུམ་ཚོགས་ལ་སྣོད་བཅུད་བཟང་བ་དང་། འདབ་ཆགས་ཀྱི་སྐད་སྙན་སྒྲོག་ལ་མེ་ཏོག་གི་དྲི་ཞིམ་འཐུལ་བ། ས་རྒྱུ་བཟང་ཞིང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཁྱིམ་གཞིས་ཤིག་རེད། ད་ཕན་ལོ་ཤས་རིང་། ཡུན་ནན་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་ལག་གདང་སྦྲེལ་ནས་འབད་འབུངས་བྱས་ཏེ་མཛེས་སྡུག་ལྡན་པའི་སྣོད་བཅུད་ཀྱི་རྒྱུགས་ལན་ཡག་པོ་ཞིག་ཕུལ་བ་རེད།

“སྔོ་ཞིང་དྭངས་བའི་རི་ཆུ”སྲུང་བ།

ལི་ཏེ་ཁྲང་གི་ཁྱིམ་ནི་པའེ་རིགས་ཀྱི་སྒོ་ར་ཆུང་ཆུང་ཞིག་ཡིན་པ་དང་། ཡུན་ནན་ཞིང་ཆེན་ས་ཐམ་གྲོང་ཁྱེར་དབན་ཆའོ་གྲོང་རྡལ་ཀུའུ་ཧྲེང་གྲོང་ཚོར་གནས་ཤིང་། ཨེར་ཧའེ་མཚོ་དང་བར་ཐག་ཉེ་པོ་ཡོད་པ་རེད། ལི་ཏེ་ཁྲང་གིས་ཉིན་ལྟར་མཚོ་འགྲམ་དུ་བསྐྱོད་དེ་ཨེར་ཧའེ་མཚོའི་ཆུའི་སྤུས་ཚད་ལ་ལྟ་ཞིབ་བྱེད་ཀྱི་ཡོད། ཁོང་གིས་ཨེར་ཧའེ་མཚོའི་ཆུ་སྤུས་ཡག་པོ་བྱུང་ཚེ་དཀའ་ངལ་ཡོད་ཀྱང་བྱེད་རིན་ཡོད་པ་ཞིག་རེད་ཅེས་བཤད།

ཨེར་ཧའེ་མཚོའི་རང་བྱུང་མཛེས་ལྗོངས་ཡུན་དུ་གནས་ཐུབ་ཆེད། 2016ལོར་ཨེར་ཧའེ་བཅོས་སྐྱོང་གི་འགག་སྒྲོལ་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་འགོ་ཚུགས། མཚོ་སྐོར་སྦགས་གཙོག་གཙང་སེལ་དང་། སྣོད་བཅུད་གནས་སྤོ། གཏེར་རི་བཅོས་སྐྱོང་སོགས“འགག་སྒྲོལ་དམག་འཐབ་ཆེན་པོ་བརྒྱད”བརྒྱབ་པ་བརྒྱུད། 2019ལོར་ཨེར་ཧའེ་མཚོའི་ཆུ་སྤུས་ཟླ་7རིང་རིམ་པ་རིགས་Ⅱཔ་ཡིན་པ་དང་། ཟླ་5རིང་རིམ་པ་རིགས་Ⅲཔ་རྒྱུན་འཁྱོངས་ཐུབ་ནས་ཆུ་སྤུས་སྟོན་རྟགས་གཙོ་བོའི་འཕེལ་ཕྱོགས་སྤྱི་ཡོངས་ནས་ལེགས་སུ་ཕྱིན་ཡོད་པ་རེད།

ཨ་སྔོན་སྤྲིན་དཀར་དང་སྔོ་ཞིང་དྭངས་བའི་རི་ཆུ་སྲུང་སྐྱོང་ཡག་པོ་བྱ་ཆེད། ཡུན་ནན་གྱིས་ཐབས་མང་མཉམ་སྤྱོད་བྱས་ཤིང་། “ས་མཐོའི་མཚེའུ་ཆེན་པོ་དགུའི་ཆུ་ངོས་སྤྱི་ཡོངས་ནས་ལེགས་བཅོས་ཐུབ་པ་དང་ཆུ་ངོས་ཞན་པའི་རིམ་པ་རིགས་Ⅴཔའི་མཚོ་མཚེའུ་2015ལོའི་4ནས་མིག་སྔའི་གཅིག་བར་ཉུང་དུ་སོང་ཡོད”ཅེས་ཡུན་ནན་ཞིང་ཆེན་གྱི་སྣོད་བཅུད་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་ལན་ཅུན་གྱིས་བརྗོད། ཁོང་གིས་ཆུ་མོ་དེ་བས་དྭངས་གཙང་དང་ནམ་མཁའ་དེ་བས་སྔོན་པོ་ཡོད་ཅེས་ངོ་སྤྲོད་བྱས། ན་ནིང་ཡུན་ནན་གྱི་རླུང་ཁམས་ཆེ་མོའི་ཁོར་ཡུག་སྤུས་ཚད་ལེགས་པོ་རྒྱུན་མཐུད་ཐུབ་པ་དང་། ཀྲོའུ་དང་གྲོང་ཁྱེར་16གི་སྲིད་གཞུང་གནས་ཡུལ་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་98.1%ཟིན་ཡོད།

ད་ཆ་ཨ་སྔོན་སྤྲིན་དཀར་དང་སྔོ་ཞིང་དྭངས་བའི་རི་ཆུ་ཡུན་ནན་གྱིས་སྤོབས་པ་བྱེད་འོས་པའི་མཛེས་རྒྱན་དུ་གྱུར་པ་དང་མཛེས་སྡུག་ལྡན་པའི་ཡུན་ནན་བསྐྲུན་རྒྱུ་དེ་མི་སེམས་ལ་གཏིང་ཟབ་ཟུག་ཡོད།

མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་ཆེད།

ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླའི་ཡུན་ནན་གྱི་སྤྲེའུ་ཁྲའི་རྒྱལ་ཁབ་སྤྱི་གླིང་གི་ནགས་སྲུང་པ་དང་སྤྲེའུ་སྲུང་པ་གཅིག་ལྕོགས་ཡིན་པའི་ཡུས་ཞའོ་ཏེ་ནི། འབའ་ལུང་རྫོང་ཐ་ཁྲེང་གྲོང་རྡལ་ཞང་ཀུ་ཆིང་གྲོང་མིའི་ཚོགས་ཆུང་དང་པོའི་གྲོང་མི་ཡིན་པ་དང་། ཁོང་གིས་སྤྲེའུ་ཚང་མའི་ཁྱད་ཆོས་དང་གཤིས་རྒྱུད་རྒྱུས་མངའ་ལོན་ཡོད།

སྟོངས་ལ་ཉེ་བའི་ཡུན་ནན་གྱི་སྤྲེའུ་ཁྲ་མྱུར་སྐྱོབ་བྱ་ཆེད། པད་མ་གངས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་དང་། སྲུང་སྐྱོང་ཁུལ་དང་འབྲེལ་ཡོད་ཕྱོགས་ཁག་མཉམ་ལས་བྱས་ཏེ། “སྡེ་ཁུལ་མཉམ་དུ་དོ་དམ་བྱེད་པའི”ལས་དོན་འཚོལ་ཞིབ་བྱས་ནས་སྲུང་སྐྱོང་དང་འཕེལ་རྒྱས་གཉིས་ཁེ་ཡོང་བར་བྱས་ཡོད། རྔོན་རྒྱག་པ་དང་ཤིང་གཅོད་མཚམས་བཞག་སྟེ་གྲོང་མི་ཁག་གཅིག་ནགས་སྲུང་པ་དང་སྤྲེའུ་སྲུང་པ་གཅིག་ལྕོགས་ཆགས་པ་རེད།

བདག་སྐྱོང་ཡག་པོ་བྱས་པར་ཕན་འབྲས་ཐོན་ཞིང་། ཚན་ཞིབ་དཔུང་ཁག་གིས་མིག་སྔར་ཡུན་ནན་གྱི་སྤྲེའུ་ཁྲའི་གྲངས་འབོར་3000ལྷག་ཙམ་ཟིན་པའི་ཚོད་དཔག་བྱས་པ་དང་འབྲེལ། ལོ་རེ་བཞིན་འཕར་བའི་འཕེལ་ཕྱོགས་བཟང་པོ་མངོན་བཞིན་ཡོད་པ་རེད། ཡུན་ནན་གྱི་སྤྲེའུ་ཁྲ་སྲུང་སྐྱོང་གི་ལས་དོན་ནི་ཡུན་ནན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་ལས་དོན་རབ་དང་རིམ་པའི་ཁྲོད་ཀྱི་མཚོན་བྱེད་ཅིག་རེད།

ཀྲུང་གོའི་ལྷོ་ནུབ་ཏུ་གནས་པའི་ཡུན་ནན་ཞིང་ཆེན་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པ་དང་། “སྲོག་ཆགས་རྒྱལ་ལྡན་རྒྱལ་ཁབ”དང“རྩི་ཤིང་གི་རྒྱལ་ལྡན་རྒྱལ་ཁབ”ཅེས་པའི་མཚན་སྙན་གང་སར་ཁྱབ། ད་ཕན་ལོ་ཤས་རིང་། ཡུན་ནན་དུ་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་དང་། “ཀྲུང་གོའི་ལྷོ་ནུབ་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་ཀྱི་ཐོན་ཁུངས་མཛོད”བསྐྲུན་ནས། ཁྱུ་ཚོགས་ཧ་ཅང་ཆུང་བའི་སྲོག་ཆགས་སྲུང་སྐྱོང་གི་བྱ་སྤྱོད་སྔོན་ལ་སྤེལ་བ་སོགས་བྱས་པས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཕན་འབྲས་ཟམ་མི་ཆད་པར་ཐོན་ཡོད།

“སྔོ་ཞིང་དྭངས་བའི་རི་ཆུ”“གསེར་རི་དངུལ་རི”ཡིན།

བོད་རིགས་ཕོ་གསར་སྟོབས་རྒྱལ་ཆོས་ལྷུན་གྱི་ཁྱིམ་བདེ་ཆེན་ཀྲོའུ་པོ་ཏ་མཚོའི་རྒྱལ་ཁབ་སྤྱི་གླིང་དུ་ཡོད་པ་དང་། ཁྱིམ་གྱི་བོད་བཟོའི་ཁང་པ་དང་ཞིང་ཁ། དེ་བཞིན་མཐའ་འཁོར་གྱི་གངས་རི་དང་། རྩྭ་ར། ནགས་ཚལ། མཚོ་མཚེའུ་བཅས་རྒྱལ་ཁབ་སྤྱི་གླིང་གི་མཛེས་ལྗོངས་ཀྱི་ཆ་ཤས་ཤིག་ཏུ་གྱུར་ཡོད།

སྔོན་ཆད། སྟོབས་རྒྱལ་ཆོས་ལྷུན་གྱི་ནང་མི་བདུན་པོས་ཤིང་གཅོད་པ་དང་ཕྱུགས་འཚོ་ལས་ལོའི་ཡོང་འབབ་མང་ཤོས་སུའང་སྒོར་5000ལས་ཟིན་གྱི་མེད། “ད་ཆ་རི་དང་ནགས་ཚལ་སྲུང་སྐྱོང་ཡག་པོ་བྱས་ཏེ་ལོ་གཅིག་ནང་སྣོད་བཅུད་དང་། རྩྭ་ར། ཡུལ་སྐོར་སོགས་རིགས་ཁག་གི་ཁ་གསབ་སྒོར་ཁྲི་5ལྷག་ཙམ་རག་གི་འདུག གལ་ཏེ་སྣོད་བཅུད་སྲུང་སྐྱོང་ཡག་པོ་མ་བྱས་ཚེ་ཡོང་འབབ་དེ་ལྟ་བུ་ཡོང་མི་སྲིད”ཅེས་སྟོབས་རྒྱལ་ཆོས་ལྷུན་གྱིས་བཤད།

“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཡུན་ནན་གྱི་ནགས་ལས་དང་རྩྭ་ཐང་ཁོངས་གཏོགས་ཀྱིས་གཡུལ་ས་གཅིག་ཏུ་སྣོད་བཅུད་སྲུང་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཁག་གཉིས་ལ་རྒྱལ་ཁ་བླངས་པ་རེད། “ལོ་5ཡི་རིང་ཡུན་ནན་གྱི་ནགས་ལས་དང་རྩྭ་ཐང་ཁོངས་གཏོགས་ཀྱིས་རིམ་རྩིས་བརྒྱབ་ན། ས་ཁུལ་དབུལ་པོར་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་363.84བཏང་བ་དེས་ནགས་ལས་ཀྱི་མ་འཇོག་བསྡོམས་འབོར་གྱི་77%བཟུང་ཡོད། ཡུན་ནན་གྱིས་སྣོད་བཅུད་ནགས་སྲུང་པའི་ལས་གནས་ཁྲི་15.65དོན་འཁྱོལ་བྱས་པ་དང་དོན་དངོས་ཐོག་སྣོད་བཅུད་ནགས་སྲུང་པ་ཁྲི་17.04གདན་ཞུ་བྱས་ཏེ། ཁྱིམ་ཚང་ཁྲི་17.04ཡི་མི་འབོར་དབུལ་པོ་ཁྲི་70ལ་འབབ་འཕར་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱས་ཡོད”ཅེས་ཡུན་ནན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཝུན་ཚའེ་ཡིས་བཤད་པ་རེད།

ལོ་5ཡི་རིང་། ཡུན་ནན་གྱི་ནགས་ལས་དང་རྩྭ་ཐང་ཁོངས་གཏོགས་ཀྱིས་ནགས་ཚལ་དང་། རྩྭ་ཐང་། འདམ་ར། ཐང་རྒོད་བཅས་ཀྱི་སྣོད་བཅུད་མ་ལག་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པས། ཡུན་ནན་ཞིང་ཆེན་གྱི་ནགས་ཚལ་ཁྱབ་ཚད་2015ལོའི་55.7%ནས་2019ལོའི་ལོ་མཇུག་གི་62.4%བར་འཕར་སྟེ། ཡུན་ནན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་བའི་སྣོད་བཅུད་རྨང་གཞི་བརྟན་པོ་བཏིང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།