ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་གྱིས“དཔྱིད་རླུང་བྱ་སྤྱོད”སྤེལ་འགོ་ཚུགས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ལས་ཞུགས་ལས་གཏོད་བྱེད་རོགས་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། ཡུན་ནན་ཞིང་ཆེན་མི་སྤྱི་ཐིང་དང་། ཞིང་ཆེན་དབུལ་སྐྱོར་གཞུང་དོན་ཁང་། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་ལྔས་མཉམ་དུ་བརྡ་ཐོ་བཀྲམ་ནས། ཟླ1ཚེས10ཉིན་ཡུན་ནན་ཞིང་ཆེན་གྱི2020ལོའི“དཔྱིད་རླུང་བྱ་སྤྱོད”དང་ལས་ཞུགས་རོགས་སྐྱོར་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས་ནས། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་དབུལ་པོ་དང་དབང་པོ་སྐྱོན་ཅན་སོགས་དཀའ་ངལ་ཡོད་པའི་མང་ཚོགས་ལ་གཅིག་སྡུད་ཐོག་ལས་ཞུགས་ལས་གཏོད་བྱེད་རོགས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་བྱེད་སྒོའི་ཐོག “དཔྱིད་རླུང་བྱ་སྤྱོད་སྤེལ་ནས་བརྩེ་སེམས་སྦྱིན། ལས་ཞུགས་བྱས་ནས་དམངས་སེམས་དྲོ་བར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བཟུང་ནས་ཟླ་3པའི་ཟླ་མཇུག་བར་སྤེལ་རྒྱུ་ཡིན་ལ། ཞབས་འདེགས་ཞུ་ཡུལ་ཁོངས་སུ་ལས་ཞུགས་ལས་གཏོད་བྱེད་འདོད་ཡོད་པའི་གྲོང་གསེབ་ཀྱི་ངལ་རྩོལ་པ་དང་། ཞིང་པ་ལས་མི། ལས་ཞུགས་དཀའ་ངལ་ཡོད་མཁན། ལས་ཞུགས་གཅིག་ཀྱང་མེད་པའི་ཁྱིམ་ཚང་གི་མི། གྲོང་གསེབ་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་ངལ་རྩོལ་ནུས་ཤུགས་དབུལ་པོ། ལས་ཤོར་ཐོ་འགོད་བྱས་པའི་དབང་པོ་སྐྱོན་ཅན། ལས་མི་མཁོ་བའི་མི་སྤྱོད་ཚན་པ་སོགས་ཚུད་ཡོད་པ་རེད།

བྱེད་སྒོ་སྤེལ་རིང་། ཡུན་ནན་གྱིས་གདན་ཞུ་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ཐོག ཆེད་དོན་ཞབས་ཞུའི་ལས་སྟེགས་བཙུགས་ནས་ངོ་ཐུག་གདོང་འཕྲད་ཀྱི་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་།  དྲ་ཐོག་གདན་ཞུའི་འདུ་ཚོགས་གཉེར་ནས་རྒྱང་སྐུལ་གདན་ཞུ་བྱས་ཏེ་ལས་གནས་ཆ་འཕྲིན་མཁོ་འདོན་བྱ་རྒྱུ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་མི་ཁྲི་གཅིག་སྡུད་བཀོད་སྒྲིག་ཁུལ་ཆེ་གྲས་ལ་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ལས་ཞུགས་ལས་གནས་ཁག་ཅིག་འཚོལ་བསྡུ་བྱས་ཏེ་གནས་གཏན་འཁེལ་ངང་མཁོ་འདོན་བྱ་རྒྱུ་བཅས་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།