ཡུན་ནན་ཞིང་ཆེན་གྱིས་རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་སྲིད་གཞུང་གི་གཞུང་ཕྱོགས་དྲ་ཚིགས་ཀྱི་གནས་ཚུལ་ལྟར་ན། ཡུན་ནན་ཞིང་ཆེན་གྱིས་རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པ་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་རེད། ཡོངས་ཁྱབ་ཞིབ་བཤེར་གྱི་ཚད་གཞིའི་དུས་ཚོད་ནི2020ལོའི་ཟླ11པའི་ཚེས1ཉིན་གྱི་དགོང་མོའི་ཆུ་ཚོད12ཀྱི་སྟེང་རེད།

《ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཐེངས་བདུན་པ་ལེགས་པོར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བརྗོད་རྒྱུ)གཞིར་བཟུང་ཡོངས་བཤེར་བྱ་ཡུལ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་སྤྱི་དམངས་དང་དེ་བཞིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་མེད་ཀྱང་གཏན་སྡོད་བྱས་མེད་པའི་ཀྲུང་གོའི་སྤྱི་དམངས་ཡིན་ཞིང་། དེའི་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་དུས་ཐུང་གནས་སྡོད་བྱས་པའི་མངའ་ཁོངས་ཕྱིའི་མི་སྣ་ཚུད་མེད།

མི་འབོར་དང་དུད་ཁྱིམ་ཀྱི་གཞི་རྩའི་གནས་ཚུལ་ལ་ཡོངས་ཁྱབ་ཞིབ་བཤེར་བྱ་རྒྱུ། དེའི་ནང་རུས་མིང་དང་། སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་ཨང་གྲངས། ཕོ་མོ། ན་ཚོད། མི་རིགས། སློབ་གསོ་མྱང་ཚད། ལས་རིགས།  གནས་སྤོ་འཁོར་སྐྱོད། གཉེན་སྒྲིག་བུ་བཙའ། ཤི་བ། སྡོད་ཁང་གི་གནས་ཚུལ་སོགས་ཚུད་ཡོད།

ཡོངས་བཤེར་གྱི་དམིགས་ཡུལ་ནི2010ལོ་ནས་བཟུང་ཡུན་ནན་ཞིང་ཆེན་གྱི་མི་འབོར་གྱི་གྲངས་འབོར་དང་། གྲུབ་ཆ། ཁྱབ་ཚུལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་སོགས་ཐད་འགྱུར་ལྡོག་བྱུང་བའི་རང་བཞིན་གྱི་ཁྱད་ཆོས་ཡང་དག་པར་ཁོང་དུ་ཆུད་པ་བྱས་ནས་ཡུན་ནན་ཞིང་ཆེན་གྱི་མི་འབོར་འཕར་བ་དང་། ངལ་རྩོལ་ནུས་ཤུགས་མཁོ་འདོན། ཕྱོགས་འགྲུལ་མི་འབོར་གྱི་འགྱུར་ལྡོག  རྒན་རྒོན་མི་འབོར་གྱི་གཞི་ཁྱོན། མི་འབོར་གྱི་སློབ་གསོ་མྱང་ཚད། འཕྲོད་བསྟེན་བདེ་ཐང་གི་གནས་ཚུལ་སོགས་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དེ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།