ཀྲུང་གོ་བོད་ཀྱི་དྲ་བ།

ནགས་སྲུང་བ། ཞིང་པ། “སྤྱི་གླིང་བ” —— བོད་རིགས་ཕོ་གཞོན་རྡོ་རྗེ་འཕྲིན་ལས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་འཚོ་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྡོ་རྗེ་འཕྲིན་ལས་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཧོང་ཕོ་གྲོང་ཚོ་ཨུ་ལྷན་ལྷོ་རོང་གྲོང་མི་ཚོགས་ཆུང་གི་གྲོང་མི་ཞིག་རེད། བོད་རིགས་གཞན་དང་འདྲ་བར་ཁོང་ཁྱིམ་གྱིས་ཕྱུགས་རིགས་འཚོ་བ་དང་ས་ཞིང་འདེབས་ཀྱི་ཡོད། འོན་ཀྱང་མི་འདྲ་ས་གཅིག་ཡོད་པ་ནི་རྡོ་རྗེ་འཕྲིན་ལས་ཀྱི་ཁྱིམ་ནི་ཕུ་མདའ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་གནས་ཡོད་པས་ཁོང་ལ་ཞིང་པ་དང་། སྣོད་བཅུད་ནགས་སྲུང་བ། དེ་བཞིན“སྤྱི་གླིང་བ”བཅས་ཀྱི་ཐོབ་ཐང་མི་འདྲ་བ་མང་པོ་ཞིག་ཡོད། 

ཕུ་མདའ་མཚོ་རྒྱལ་ཁབ་སྤྱི་གླིང་ལ་མཚོ་མཚེའུ་འདམ་ར་དང་། ནགས་ཚལ་སྤང་ལྗོངས། གྲོག་རོང་ཆུ་ཕྲན། རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་སོགས་རང་བྱུང་མཛེས་ལྗོངས་ཡོད་ལ། སྣོད་བཅུད་ཁོར་ཡུག་ལའང་བདག་སྐྱོང་ཡག་པོ་ཐུབ་ཡོད། རྒྱལ་ཁབ་སྤྱི་གླིང་ཡོད་པས་རྡོ་རྗེ་འཕྲིན་ལས་ཀྱི་ཐོབ་ཐང་ལ་འགྱུར་ལྡོག་བྱུང་སྟེ་ཤིང་གཅོད་པ་དང་རྔོན་རྒྱག་པ་ནས་སྣོད་བཅུད་ཁོར་ཡུག་གི་སྲུང་སྐྱོང་བ་དང་ཕན་པ་འཐོབ་མཁན་ཞིག་ལ་གྱུར་ཡོད། 

ཕུ་མདའ་མཚོ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་རྒྱུན་བེད་སྤྱོད་ཁུལ་དུ་གནས་པའི་ལྷོ་རོང་གྲོང་མི་ཚོགས་ཆུང་ནི་བོད་རིགས་ཀྱི་རིག་གནས་ཁྱད་ཆོས་ཟབ་མོ་ལྡན་པའི་གདོད་མའི་སྣོད་བཅུད་གྲོང་ཚོ་ཞིག་རེད། གྲོང་ཚོ་ཡོངས་ལ་དུད་ཚང36དང་མི183ཡོད་པ་དང་། གྲོང་མི་མི་རབས་ནས་མི་རབས་བར་གྱིས་ས་ཞིང་འདེབས་པ་དང་ཕྱུགས་རིགས་འཚོ་བའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཡོད། སྒྱུ་རྩལ་བའི་པིར་རྩེ་ལས་འཁྲུངས་པ་ལྟར་གྱི་མཛེས་ལྗོངས་དང་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ཇི་ཙམ་ལྡན་རུང་། 

སྔོན་ཆད་གྲོང་མི་ཚོར་ད་ཆའི་ལུས་བདེ་སེམས་སྐྱིད་ཀྱི་འཚོ་བ་འདི་འདྲ་བྱུང་མེད། སྔོན་ཆད་རྡོ་རྗེ་འཕྲིན་ལས་ཀྱང་གྲོང་མི་གཞན་དང་འདྲ་བར་འཚོ་ཐབས་ཀྱི་ཆེད་དུ་རི་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ཤིང་གཅོད་པ་དང་རྔོན་རྒྱག་པ་ནི་སྐབས་དེ་དུས་ཆེས་རྒྱུན་གཏན་གྱི་བྱ་བ་ཞིག་རེད། གྲོང་མི་ཚོས་ཤིང་བཅད་ནས་ཁང་པ་རྒྱག་པ་དང་། ཤིང་འཚོང་བ། རྔོན་རྒྱག་པ་བཅས་ལོ་གཅིག་དཀའ་ལས་ཚད་མེད་བརྒྱབ་ཀྱང་ཡོང་འབབ་དེ་ཙམ་མང་པོ་མེད། གྲོང་མི་ཚོར་མཚོན་ན་གནས་འདིར་རི་ཀླུང་གི་ཡུལ་ལྗོངས་ལྷག་པར་མཛེས་ཀྱང་འཚོ་བ་དབུལ་ཞིང་ཕོངས་པ་ཞིག་རེད། 

རྡོ་རྗེ་འཕྲིན་ལས་ཀྱིས་ནགས་ཁྲོད་དུ་ཤིང་བཅད་པ་དང་རྔོན་བརྒྱབ་པར་བརྟེན་སྣོད་བཅུད་ཁོར་ཡུག་བཟང་པོར་གཏོར་སྐྱོན་ཕོག་ནས་ནགས་ཁྲོད་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གྲངས་འབོར་ཡང་ཉིན་རེ་བཞིན་ཉུང་དུ་འགྲོ་གི་འདུག་ཅེས་བརྗོད། 

1998ལོར་རྒྱལ་ཁབ་ཀྱིས་རང་བྱུང་ནགས་ཚལ་སྲུང་སྐྱོང་འདུ་འགོད་ལག་བསྟར་བྱས་ཏེ་བདེ་ཆེན་ཀྲོའུ་ཡི་ནགས་ཁུལ་གྱི་ལས་བཟོ་མང་དག་ཅིག་གིས་སོག་ལེ་དང་སྟ་རེ་བསྐྱུར་ནས་ཤིང་འཛུགས་མཁན་དང་ནགས་སྲུང་བར་གྱུར་ཡོད། “ཤིང་ཆའི་ནོར་སྲིད”མཚམས་འཇོག་བྱས་རྗེས་བདེ་ཆེན་ཀྲོའུ་ཡིས་ཕྱོགས་གཅིག་ནས་རྨོ་སྐྱུར་ནགས་བཟོ་དང་། སྐྱ་སྤོས་རྩྭ་བཟོ། རང་བྱུང་ནགས་གླིང་སྲུང་སྐྱོང་སོགས་སྣོད་བཅུད་ཁོར་ཡུག་བཅོས་སྒྲིག་གི་འདུ་འགོད་ལག་བསྟར་བྱས་པ་དང་། ཕྱོགས་གཞན་ཞིག་ནས་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་བས་རྡོ་རྗེ་འཕྲིན་ལས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། 

ཉིན་ཤས་གོང་རྡོ་རྗེ་འཕྲིན་ལས་ཀྱི་ནང་མི་7པོར་འབྲེལ་ཡོད་ཚད་གཞི་ལྟར་ལོ་གོང་མའི་ཕྱིར་སློག་མ་དངུལ་སྒོར་ཁྲི་5ལྷག་ཙམ་བྱུང་བས་ཁོང་དགའ་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་ན་ནིང་གི་ཡོང་འབབ་ལ་མཛུབ་རྩིས་རྒྱག་བཞིན་གསར་འགོད་པར་ངའི་བུ་སྤྱི་གླིང་ཁུལ་དུ་བདེ་སྲུང་བ་བྱས་པར་ཟླ་རེར་ཡོང་འབབ་སྒོར་3000ལྷག་ཙམ་དང་། བཟའ་ཟླ་ན་ནིང་རེས་མོས་ལྟར་གད་པ་བྱས་པར་ཟླ་རེར་ཡོང་འབབ་སྒོར་2000ཙམ། རང་ཉིད་ནགས་སྲུང་བ་བྱས་པར་ཡོང་འབབ་སྒོར་2000ལྷག་ཙམ་བཅས་ཡོད་པ་མ་ཟད། ཁྱིམ་ལ་འབྲི་གཡག་མགོ་གྲངས་25དང་ས་ཞིང་མུའུ་15ཡོད་པས་ཁྱོན་བསྡོམས་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་བྱུང་ཞེས་བརྗོད། 

ད་ཆ་རྡོ་རྗེ་འཕྲིན་ལས་ཁྱིམ་གྱི་བོད་བཟོའི་ཁང་པ་དང་། ནགས་རིའི་རྩྭ་ར། རྟ་ནོར་བཅས་དང་། ཐ་ན་ཕྱུགས་འཚོ་དང་འདེབས་འཛུགས་སོགས་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ཚང་མ་ནི་ཡུལ་སྐོར་བས་མྱོང་རོལ་བྱེད་སའི“མཛེས་ལྗོངས་ཁུལ”ཞིག་ཏུ་གྱུར་ཡོད། ཁོང་གི་ཁྱིམ་དུ་སྐྱོད་སྐབས་རྒྱ་ཆེ་བའི་སྒོ་རར་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་། ཞིང་སྤྱོད་རླངས་འཁོར། སྦག་སྦག་སོགས་བཞག་ཡོད་ལ། ཁང་པར་པང་གཅལ་བཏིངས་པ་མ་ཟད། བརྙན་འཕྲིན་དང་འཁྱག་སྒམ་སོགས་དེང་རབས་ཀྱི་གློག་ཆས་ཀྱང་ཧ་ཅང་ཆ་ཚང་པོ་ཡོད། 

རྡོ་རྗེ་འཕྲིན་ལས་ཀྱི་གདོང་ནས་འཛུམ་མདངས་འཕྱུར་བཞིན“ཁོར་ཡུག་ཇེ་ལེགས་སུ་སོང་བས་ཡོང་འབབ་ཀྱང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་ཡི་འདུག” ནང་མིས་རྒྱལ་ཁབ་སྤྱི་གླིང་དུ་ས་ཞིང་འདེབས་པ་དང་ཕྱུགས་རིགས་འཚོ་བ་དང་། ནགས་ཚལ་སྲུང་སྐྱོང་དང་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་མ་ཟད། སྤྱི་གླིང་དུ“ལས་ཀ”ཡོད་པས་འཚོ་བ་ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་འདུག་ཅེས་བརྗོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།