བདེ་ཆེན་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་84པ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་9ཚེས་12ཉིན་གྱི་དགོང་མོར་བདེ་ཆེན་ཁུལ་ཨུའི་རྒྱུན་ཨུ་ཚོགས་འདུ་ཐེངས་84པ་འཚོགས་ནས་ཀྲུང་དབྱང་དང་ཞིང་ཨུ་ཡི“ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་སེམས་ལ་བཅངས་པ”བརྗོད་བྱ་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཁག་དང་པོ་དང་ཁག་གཉིས་པའི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། 《ཁུལ་ཨུའི་དབུལ་སྐྱོར་ཁྱབ་ཁོངས་དང་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་གི་ལག་བསྟར་བསམ་འཆར》དང་《ཀྲུང་གུང་བདེ་ཆེན་ཁུལ་ཨུའི་རྒྱུན་ཨུ་ཚན་ཁག་གིས་“ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་སེམས་ལ་བཅངས་པ”བརྗོད་དོན་གཙོ་བོའི་སློབ་གསོའི་ལག་བསྟར་ཇུས་གཞི》 《ཞིང་ཆེན་སྒྲིག་ཨུའི་བླང་བྱ་དོན་འཁྱོལ་བྱས་ནས་ཁུལ་ཡོངས་སུ་དབུལ་སྐྱོར་ཁྱབ་ཁོངས་དང་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་ལག་བསྟར་བསམ་འཆར》ལ་གྲོས་ཞིབ་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཀུའུ་ཁུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་མིག་སྔར་རང་ཁུལ་གྱི་“ཐོག་མིའི་སེམས་འདུན་མི་བརྗེད་པར། འགན་འཁྲི་སེམས་ལ་བཅངས་པ”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་ཤིང་། ཟླ་9པ་ནས་ཟླ་11པའི་ཟླ་མཇུག་བར་ཟླ་བ་3ལས་མི་ཉུང་བའི་གཅིག་བསྡུས་སློབ་གསོ་སྤེལ་རྒྱུ་རེད། བརྗོད་དོན་གཙོ་བོའི་སློབ་གསོ་ཁུལ་ཡོངས་ཀྱི་ཏང་ཡོན་ཁྲོད་སྤེལ་ནས་གཙོ་གནད་ཐོག་འགོ་ཁྲིད་ལས་ཁུངས་དང་།    འགོ་ཁྲིད་ཚན་པ། འགོ་ཁྲིད་ལས་བྱེད་པ་བཅས་དམ་འཛིན་ཡག་པོ་བྱེད་དགོས། བརྗོད་བྱ་གཙོ་བོའི་སློབ་གསོ་བརྒྱུད་དེ་རིགས་པའི་གཞུང་ལུགས་ཐོག་གྲུབ་འབྲས་ཐོབ་པ་དང་། བསམ་བློ་དང་ཆབ་སྲིད་ཐད་ཉམས་སད་ཐེག་པ། ལས་སྒྲུབ་ལས་གཏོད་ཀྱིས་འགན་འཁྲི་འཁུར་ཕོད་པ། དཀའ་གནད་སེལ་བ།  སྤྱོད་གཙང་གཞུང་དྲང་བཅས་ཀྱི་དཔེ་སྟོན་བྱེད་པ། “ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་སེམས་ལ་བཅངས་པ”བརྗོད་དོན་གཙོ་བོར་དམིགས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་རྩ་བའི་ལས་འགན་དམ་འཛིན་ནན་མོ་བྱེད་པ། “ཐོག་མའི་སེམས་འདུན་སྲུང་བ་དང་། འགན་འཁྲི་ཕྲག་ཏུ་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་དམ་འཛིན”བཅས་ཀྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་སྟངས་འཛིན་བྱེད་པ། སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག  གནད་དོན་ཞིབ་འཇུག  དག་ཐེར་དོན་འཁྱོལ་བཅས་མཉམ་འདྲེས་དམ་ཟབ་དང་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་དགོས། ལྷག་བསམ་རྣམ་དག་དང་། སྤྱོད་པ་གཙང་བ། འགན་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་རྒྱུད་སྦྱོང་བརྡར་བྱས་པ་བརྒྱུད་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བདེ་ཆེན་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་དགོས་པ་བསྟན།

ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཁུལ་ཨུའི་རྒྱུན་ཨུ་ཚན་ཁག་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་བརྗོད་བྱ་གཙོ་བོའི་སློབ་གསོའི་སྐོར་གྱི་ཀྲུང་དབྱང་དང་ཞིང་ཨུའི་འབྲེལ་ཡོད་བཀོད་སྒྲིག་གི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བསམ་བློའི་ཐོག་ནས་ཏང་འཛུགས་སྐྱོང་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་བླང་བྱ་གསར་པ་ལག་བསྟར་མཐའ་འཁྱོངས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། སྣེ་ཁྲིད་དེ་ལས་སྒྲུབ་ལས་གཏོད་མཐའ་འཁྱོངས་བཅས་བྱེད་དགོས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་གཙོ་གནད་དུ་འཛིན་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤངས་གང་ཐུབ་བྱ་རྒྱུ་དེ་ནང་དོན་གལ་ཆེན་དུ་འཛིན་པ། སློབ་སྦྱོང་སློབ་གསོ་དང་།   བརྟག་དཔྱད་ཞིབ་འཇུག གནད་དོན་ལ་ལྟ་ཞིབ། དག་ཐེར་དོན་འཁྱོལ་བཅས་དམ་འཛིན་ཡག་པོ་བྱ་རྒྱུ་བརྗོད་བྱ་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། དཔེ་སྟོན་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་མིག་དཔེ་སྟོན་དགོས་བསྟན།

ཚོགས་འདུའི་ཐོག་ཁུལ་ཡོངས་སུ་དབུལ་སྐྱོར་ཁྱབ་ཁོངས་དང་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་དག་ཐེར་བྱེད་དགོས། ཁུལ་དང་རྫོང་(གྲོང་ཁྱེར)ཁག་གི་འབྲེལ་ཡོད་སྡེ་ཚན་གྱིས་རང་བཤེར་ནན་ཏན་བྱས་ཏེ་དབུལ་སྐྱོར་ཁྱབ་ཁོངས་དང་ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་དོ་དམ་ཚད་ལྡན་མེད་པ་དང་། རྣམ་གྲངས་ལག་བསྟར་དང་དོ་དམ་གནད་ལ་མི་འཁེལ་བ། རྣམ་གྲངས་ཞིབ་བཤེར་རྩིས་ལེན་ནན་ཏན་མེད་པ། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་ལེན་པ་སོགས་ཀྱི་གནད་དོན་འཚོལ་ཞིབ་དང་དག་ཐེར་གཏིང་ཟབ་བྱེད་དགོས།  སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་སྡེ་ཚན་གྱིས་འབྲེལ་ཡོད་གྱོད་གཞི་ཞིབ་གཅོད་ཡག་པོ་བྱེད་པ་དང་། དབུལ་སྐྱོར་ཁྱབ་ཁོངས་དང་སྤྱོད་ཚུལ་གནད་དོན་ཆེད་དོན་བཅོས་སྒྲིག་མུ་མཐུད་གཏིང་ཟབ་བྱེད་པ། གཅིག་ཤེས་ཀུན་གྲོལ་དང་གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ“ཞིབ་བཤེར་ཐག་གཅོད་བྱས་པའི་གྱོད་གཞི་གཅིག་གིས་ཁག་གཅིག་ལ་ཉེན་བརྡ་གཏོང་བ། ཕྱོགས་གཅིག་ལ་སློབ་གསོ་ཐུབ་པ”འི་འབྲས་བུ་ཐོན་པའི་བླང་བྱ་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།