སློབ་གྲྭ་ཆེ་མོ་བ4380དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་ནང་ཞུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉིན་ཤས་གོང་། སློབ་གྲྭ་ཆེ་མོ་བའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ4380ཡུན་ནན་གྱི་ས་གནས་ཁག་ཏུ་བསྐྱོད་ནས་གཞི་རིམ་གྱི་འཐབ་ས་དང་པོར་ཞིང་སྐྱོར་དང་། སློབ་སྐྱོར། སྨན་སྐྱོར། དབུལ་སྐྱོར་སོགས་དང་བླངས་ཞབས་ཞུའི་ལས་དོན་སྤེལ་ཡོད།

གུང་གཞོན་སྡེ་ཚོགས་ཡུན་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲོའུ་ཧོའེ་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སློབ་གྲྭ་ཆེ་མོ་བའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་དམིགས་ཡུལ་ནི་ན་གཞོན་ཤེས་ལྡན་པ་གཞི་རིམ་དང་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་བསྐྱོད་ནས་སྦྱོང་བརྡར་དང་། བདེ་ཐང་འཚར་ལོངས། བྱས་རྗེས་འཇོག་པ་བཅས་ལ་སྐུལ་ལྕག་བྱ་ཆེད་རེད། ཕུགས་བསམ་ལྡན་པའི་གཞོན་ནུ་ཁག་མང་པོས་མེས་རྒྱལ་ལ་དྲིན་ལན་འཇལ་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་བླ་ན་མེད་པའི་ཕུགས་འདུན་བཅངས་ནས་ཞིང་སྐྱོར་དང་། སློབ་སྐྱོར། སྨན་སྐྱོར། དབུལ་སྐྱོར་སོགས་ཀྱི་དང་བླངས་ཞབས་ཞུའི་ལས་དོན་སྤེལ་ཡོད།

ཡུན་ནན་དགེ་འོས་སློབ་ཆེན་གྱི་ཞིབ་མཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་ཁོངས་མི་ཡེ་ཧྥང་གི་ཞབས་འདེགས་ཞུ་ཡུལ་ནི་ཀྲོའུ་ཐུང་གྲོང་ཁྱེར་ལུའུ་ཏན་རྫོང་ལུང་ཐོའུ་ཧྲན་གྲོང་རྡལ་ལུང་ཆོན་སློབ་འབྲིང་ཡིན་ཞིང་། 2014ལོར་ལུའུ་ཏན་ས་ཡོམ་ཁྲོད་ལུའུ་ཆོན་སློབ་འབྲིང་དེ་ཞིག་རོར་གྱུར་ཡོད། ལུའུ་ཆོན་སློབ་འབྲིང་གསར་པ་བསྐྲུན་རྗེས་སྐབས་རིམ་བྱུང་གི་ཡུན་ནན་དགེ་འོས་སློབ་ཆེན་གྱི་ཞིབ་མཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་ཁོངས་མི་ས་གནས་དེར་ཡོང་ནས་ལུང་ཆོན་སློབ་འབྲིང་ལ་སློབ་ཁྲིད་དང་རིག་རྩལ་བྱེད་སྒོ་སྣ་ཚོགས་སྤེལ་རོགས་བྱས་པ་དང་འབྲེལ་སྤྱི་ཚོགས་ལས་རིགས་ཁག་དང་མཉམ་འབྲེལ་ཐོག་སྤྱི་ཕན་གྱི་བྱེད་སྒོ་སྤེལ་ཏེ་ཕྲུ་གུ་ཚོའི་འཚོ་བར་འགན་ལེན་དང་དྲོ་སྐྱིད་སྦྱིན་ཡོད། ཡེ་ཧྥང་གིས“ད་ལྟ་ང་ཚོས་སློབ་སྐྱོར་ཚོགས་པ་སྐབས་གོང་མའི་རྒྱུག་མཐུད་དབྱུག་པ་བླངས་ཏེ་རང་ནུས་གང་ཡོད་འདོན་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ནས་ནུབ་རྒྱུད་ལ་ཞབས་འདེགས་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་བྱ་རྒྱུ་ཡིན”ཞེས་བརྗོད།

ཡུན་ནན་ཞིང་ཆེན་གྱིས2003ལོ་ནས་བཟུང་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་རྒྱལ་ཡོངས་ཀྱི་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་ཤིང་། ལག་བསྟར་བྱེད་འགོ་ཚུགས་ཚུན་པེ་ཅིང་དང་། ཧྲང་ཧའེ། ཐེན་ཅིན། ཨན་ཧུའེ། ཀྲེ་ཅང་། ཡུན་ནན་སོགས་ཞིང་ཆེན14ཡི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ29000ལྷག་ཙམ་ཡུན་ནན་དུ་ཞབས་འདེགས་ཞུ་བར་སླེབས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།