ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་གྲོང་ཚོའི་གྲོང་མིར་སྣོད་བཅུད་ལས་ཡོང་འབབ་འཕར་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་བརྒྱད་པར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོར་སྐྱོད་སྐབས། རྒྱང་རིང་གི་སེར་ཁ་གངས་རི་མཐོང་ཐུབ་པ་མ་ཟད། གྲོང་ཚོ་དང་སྦྲེལ་ནས་ཡོད་པའི་ནགས་ཕག་མཚོ་ཡང་མཐོང་ཐུབ། དེ་གའི་རི་ཀླུང་མཛེས་ཤིང་ལྟ་ན་སྡུག་པས་ལྷ་ལྡན་ཞིང་ཁམས་དང་གཉིས་སུ་མེད། “སྣོད་བཅུད་ཧ་ཅང་ལེགས་པས་འདི་གར་ལོ་རེ་བཞིན་མཛེས་སུ་འགྲོ་ངེས་རེད”ཅེས་གྲོང་ཚོའི་ཀྲུའུ་རེན་སྒྲོལ་མས་སྤོབས་སེམས་ཆེན་པོས་བཤད་པ་དང་། ཁོང་གིས་གྲོང་མི་ཚོས“སྔོ་ཤིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”གནས་ལུགས་གསལ་པོར་རྟོགས་ཡོད་ཅེས་བཤད།

གྲོང་ཚོའི་འཕོ་འགྱུར་སྐོར་གླེང་སྐབས། སྒྲོལ་མས་དགའ་བ་དཔག་མེད་སྐྱེ་བཞིན་དུ་གྲོང་ཚོ་ཡོངས་ཀྱི་ཡོང་འབབ་ལ་རྩིས་བརྒྱབ་པ་སྟེ། ཡུལ་སྐོར་གྱི་ཡོང་འབབ་བགོ་འགྲེམ་དང་སྣོད་བཅུད་ཁ་གསབ་སོགས་ཁག་མང་པོ་ཡོད། ལོ་ལྟར་གྲོང་ཚོ་ཡོངས་སུ་སྒོར་ཁྲི་400ཙམ་གྱི་སྣོད་བཅུད་ཁ་གསབ་ཡོད། “དེ་སྔ་ང་ཚོའི་ནང་མི་ལྔར་ལོ་གཅིག་ལ་ཡོང་འབབ་སྒོར་300ལྷག་ཙམ་ལས་མེད། ད་ཆ་གྲོང་ཚོའི་མི་རེར་ཆ་སྙོམས་སྒོར་6000ཙམ་ཡོད”ཅེས་སྒྲོལ་མས་འཛུམ་དམུལ་དམུལ་ངང་བཤད།

དུས་རབས་20པའི་ལོ་རབས་དྲུག་བཅུར་གྲོང་མི་ཚོས་བུད་ཤིང་བཅད་ནས་ཁང་པ་སྐྲུན་པ་དང་མེ་གཏོང་བ་མ་ཟད། མཚེའུ་བསུབས་ནས་ཞིང་ཁ་བཟོས་པས་ནགས་ཚལ་སྲུང་བའི་ནགས་ཕག་མཚོའི་སྣོད་བཅུད་ཉམས་ཞན་དུ་ཕྱིན་ནས་ཐན་པ་ཡང་སེ་བསྟན་ཏེ་སྣོད་བཅུད་མ་ལག་ལ་གཏོར་སྐྱོན་ཚབས་ཆེན་ཕོག ཉམས་ཞན་གྱི་ནགས་ཕག་འདམ་ར་སྲུང་སྐྱོང་ཡག་པོ་བྱ་ཆེད། བདེ་ཆེན་ཀྲོའུ་ཡིས་རྨོ་སྐྱུར་འདམ་གསོ་དང་སྡེ་ཁུལ་མཉམ་དུ་དོ་དམ་སོགས་ཀྱི་རྣམ་གྲངས་དང་བྱེད་ཐབས་ལག་ལེན་བསྟར་ཏེ། སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་བར་སྐུལ་འདེད་ཟམ་མི་ཆད་པར་བཏང་ཡོད། ད་ཆ་ནགས་ཕག་མཚོའི་འདམ་རའི་སྣོད་བཅུད་སྲུང་སྐྱོང་གི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་པ་དང་། འདི་གར་དགུན་སྒྲོལ་དུས་བྱའི་ཁྱུ་ཚོགས་ཀྱི་གྲངས་འབོར་ཟམ་མི་ཆད་པར་མང་དུ་ཕྱིན་པ། ནགས་ཕག་མཚོར་ཡུལ་སྐོར་སྤྲོ་འཆམ་མང་དུ་ཕྱིན་པས། གྲོང་མིའི་ཡོང་འབབ་མང་དུ་དང་བརྟན་དུ་ཕྱིན་པ་མ་ཟད། སྣོད་བཅུད་ཀྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། དཔལ་འབྱོར་གྱི་ཕན་འབྲས་བཅས་རིམ་གྱིས་མཐུན་སྦྱོར་འཕེལ་རྒྱས་བྱུང་ཡོད།

 “ཚང་མའི་སྔོ་ཞིང་དྭངས་པའི་རི་ཆུ་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་པས། ཤིང་གཅོད་མཁན་མེད་པ་དང་གད་སྙིགས་གང་བྱུང་དུ་དབྱུག་མཁན་མེད་པས། གྲོང་ཚོའི་རྣམ་པ་ལེགས་སུ་ཕྱིན་སྟབས་ཡུལ་སྐོར་བ་མང་དུ་འགྲོ་གི་འདུག འགྲུལ་པ་མང་དུ་ཕྱིན་པས་ཚོང་ལས་ཀྱི་གོ་སྐབས་ཀྱང་མང་དུ་ཕྱིན་པ་དང་། འབྲི་གཡག་དང་བོད་ཕག་སོགས་ཞིང་འབྲོག་ཁྱད་ལྡན་ཐོན་ཟོག་གྲོང་མི་མང་པོ་ཞིག་གི་ཡོང་འབབ་འཕར་ས་གལ་ཆེན་དུ་གྱུར་ཡོད། གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་21ཚང་མ་ན་ནིང་དབུལ་སྒྲོལ་ཐུབ་སོང”ཞེས་བཤད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།