ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་བརྗོད་གཞི་བྱས་པའི་བྱེད་སྒོ་སྣ་ཚོགས་སྤེལ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་6པའི་ཚེས་8ཉིན་ནི་རང་རྒྱལ་གྱི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་14པ་ཡིན་ལ། ཚེས་7ཉིན་ནས་ཚེས་8ཉིན་གྱི་བར་དུ། བདེ་ཆེན་ཁུལ་དང་ཏ་ལི་ཁུལ་གཉིས་ཀྱིས་དངོས་མིན་རིག་གནས་ཤུལ་བཞག་གི་སྲོལ་རྒྱུན་ལག་རྩལ་བརྗེ་རེས་འགྲེམ་སྟོན་བྱེད་སྒོ་སྤེལ་བ་དང་། བདེ་ཆེན་ཁུལ་གྱིས་2019ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་གྱི་གཙོ་དོན་བྱེད་སྒོའི་གླུ་གར་དང་རོལ་དབྱངས་ཀྱི་འགྲེམ་སྟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དངོས་མིན་རིག་གནས་ཤུལ་བཞག་གི་གདོད་མའི་གླུ་གར་འགྲེམ་སྟོན་བྱེད་སྒོ་སྤེལ། འབའ་ལུང་རྫོང་གིས་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་དྲིལ་བསྒྲགས་དང་འགྲེམ་སྟོན་བྱེད་སྒོ་སྤེལ་བ་རེད། 

ཟླ་6པའི་ཚེས་7ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་རིམ་པའི་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་ཏེ་བདེ་ཆེན་དང་ཏ་ལིའི་དངོས་མིན་རིག་གནས་ཤུལ་བཞག་གི་སྲོལ་རྒྱུན་ལག་རྩལ་བརྗེ་རེས་འགྲེམ་སྟོན་བྱེད་སྒོ་སྐབས་དང་པོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རིག་གནས་དངོས་མང་བཤམས་སྟོན་ལྟེ་གནས་སུ་བསྡུས་པ་དང་། བྱེད་སྒོ་དེས་གཙོ་བོར་དངོས་མིན་རིག་གནས་ཤུལ་བཞག་གི་སྲོལ་རྒྱུན་ལག་རྩལ་འགྲེམ་སྟོན་བྱས་ཏེ།བདེ་ཆེན་གྱི་འཐུས་ཚབ་རང་བཞིན་ལྡན་པའི་རྒྱུན་འཛིན་པ་དང་དམངས་ཁྲོད་སྒྱུ་རྩལ་པ་33གྱིས་དངོས་མིན་རིག་གནས་ཤུལ་བཞག་གི་སྲོལ་རྒྱུན་ལག་རྩལ་རྣམ་གྲངས་20འགྲེམ་སྟོན་བྱས་པ་དང་། ཏ་ལི་ཁུལ་གྱི་འཐུས་ཚབ་རང་བཞིན་ལྡན་པའི་རྒྱུན་འཛིན་པ་22ཀྱིས་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་12འགྲེམ་སྟོན་བྱས་པ་རེད།

ཟླ་6པའི་ཚེས་8ཉིན། བདེ་ཆེན་ཁུལ་2019ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་གྱི་གཙོ་དོན་བྱེད་སྒོའི་གླུ་གར་དང་རོལ་དབྱངས་ཀྱི་འགྲེམ་སྟོན་དྲིལ་བསྒྲགས་བྱེད་སྒོ་སེམས་ཀྱི་ཉི་ཟླ་དཀྱིལ་འཁོར་ཐང་ཆེན་དུ་བསྡུས་པ་དང་།  བོད་རིགས་དང་འཇང་རིགས། ལི་སུའུ་རིགས་སོགས་མི་རིགས་ཀྱི་གླུ་གར་དང་རོལ་དབྱངས་འཁྲབ་ཚན་19འགྲེམ་སྟོན་བྱས་པ་རེད།

ཟླ་6པའི་ཚེས་8ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དངོས་མིན་རིག་གནས་ཤུལ་བཞག་གི་གདོད་མའི་གླུ་གར་འགྲེམ་སྟོན་བྱེད་སྒོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཐང་ཆེན་དུ་སྤེལ་བ་དང་། རལ་པ་དང་འཇང་གི་རོལ་དབྱངས། བོད་ཀྱི་ལ་གླུ་སོགས་སྟོན་ནས་གྲོང་མི་དང་ཡུལ་སྐོར་བ་རྣམས་ལ་དངོས་མིན་རིག་གནས་ཤུལ་བཞག་གི་ཉམས་འགྱུར་མྱོང་དུ་བཅུག  དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་རྒྱུན་འཛུན་རུ་ཁག་གི་འཁྲབ་སྟོན་མ་གཏོགས། ནག་ཆུ་ཐང་སློབ་ཆུང་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་རིགས་སློབ་ཆུང་གི་སློབ་མ་ཚོ་བྱེད་སྒོར་ཞུགས་ཏེ་རལ་པ་དང་སྐོར་བྲོ་སོགས་འཁྲབ་སྟོན་བྱས་པ་རེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།