ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་ཆེད་དམིགས་གདན་ཞུ་འདུ་ཚོགས་སྤེལ་ཏེ་ལས་ཞུགས་ལས་གཏོད་ཀྱི་སྟེགས་བུ་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ4པའི་ཚེས22ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཁུལ་དང་གྲོང་ཁྱེར་གྱི་སློབ་གསོ་ཅུའུ་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་སྒྲུབ་འགན་ཁུར་པའི་“བདེ་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས2018ལོའི་དམངས་གཉེར་ཁེ་ལས་གདན་ཞུའི་གཟའ་འཁོར་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་ལས་ཞུགས་ལས་གཏོད་སྲིད་ཇུས་དྲིལ་སྒྲོག་འོས་སྦྱོར་བྱ་འགུལ་གྱི་ཆེད་དམིགས་གདན་ཞུའི་འདུ་ཚོགས”ཤམ་བྷ་ལ་དུས་འཁོར་བློས་བསླངས་ཐང་ཆེན་དུ་འཚོགས།  གདན་ཞུའི་འདུ་ཚོགས་ལ་བསྡོམས་པའི་རང་སའི་དམངས་གཉེར་ཁེ་ལས98ལྷག་ཞུགས་ཡོད་ལ། དེ་དག་གིས་ལས་གནས1000ལྷག་འདོན་སྤྲོད་བྱས་ཡོད་ཅིང་།  གནས་དེར་ལས་ཀ་འཚོལ་མཁན་མི1500ལྷག་ཡོང་ཡོད་ལ། དེའི་ཁྲོད་མི168ལྷག་གིས་མི་བཀོལ་ལས་ཁུངས་དང་འདོད་ཕྱོགས་རང་བཞིན་གྱི་ལས་མི་བཀོལ་སྤྱོད་ཀྱི་གྲོས་མཐུན་བཞག་ཡོད།

ཐེངས་འདིའི་བྱ་འགུལ་གྱིསགནད་ཕིགས་ཞབས་ཞུ་ཡིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། ཤེས་ལྡན་འདུས་ནས་འཕེལ་རྒྱས་ལ་རོགས་འདེགས་བྱེད་པགཉིས་བརྗོད་གཞིར་བཟུང་སྟེ། ཁུལ་ནང་ཁུལ་གྱི་དམངས་གཉེར་ཁེ་ལས་དང་། ཁེ་ལས་ཆུང་འབྲིང་། ཆེས་ཆུང་བའི་རིགས་དང་རྒྱ་ཆེ་བའི་ལས་ཀ་འཚོལ་མཁན་དག་ལ་ཕན་ཚུན་ཕྱོགས་གཉིས་ཀར་མཁོ་བའི་གདམ་གའི་ལས་སྟེགས་བསྐྲུན་པ་དང་། དེའི་དམིགས་ཡུལ་ནི་བདེ་ཆེན་ཁུལ་གྱི་ཞིང་སྡེའི་དབུལ་ཕོངས་ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་དང་།  མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ། བཟོ་བ་ཞིང་བ། ལས་ཞུགས་དཀའ་བའི་རིགས་བཅས་ཀྱིས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། ལས་ཞུགས་དབུལ་སྐྱོརབརྒྱུད་དེ་སྤུས་ཚད་སྔར་ལས་མཐོ་ཞིང་འཐུས་སྒོ་ཚང་བའི་ལས་ཞུགས་དམིགས་དབེན་མངོན་གྱུར་བྱས་ནས་བདེ་ཆེན་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་ཧུར་ཐག་གིས་སྐུལ་འདེད་བྱ་རྒྱུ་རེད།

ཡུལ་དངོས་སུ་ལས་མི་བཀོལ་སྤྱོད་བྱེད་པའི་ཁེ་ལས་ཀྱིས་བཟོས་པའི་གདན་ཞུའི་བརྡ་ཡིག་གི་གོ་རིམ་ཞིབ་ཚགས་གསལ་བོ་ཡིན་ལ། ལས་མི་བཀོལ་བའི་རེ་འདོད་དང་གླ་ཕོགས་སོགས་ཀྱི་ཆ་འཕྲིན་གསལ་ཐག་ཆོད་པར་ཤེས་ཐུབ་ཤིང་།  ཁྱབ་ཁོངས་ཆེ་ཞིང་ལས་མི་བསྡུ་བའི་ཆ་རྐྱེན་སོ་སོ་མི་འདྲ་བ་རེད། གདན་འདྲེན་ཞུ་ཡིག་ཞིབ་ཀློག་དང་ཡུལ་དངོས་ནས་བློ་འདྲི་བཅས་བྱེད་པའི་ཐབས་སྤྱད་དེ་ལས་གནས་ཀྱི་ཆ་རྐྱེན་འདང་ཞིང་དེ་ལ་བློ་མོས་ཡོད་པའི་ལས་འཚོལ་མཁན་གྱིས་ཡུལ་དངོས་ནས་རེའུ་མིག་བསྐངས་ནས་ལས་མི་བཀོལ་ལས་ཁུངས་དང་འདོད་ཕྱོགས་རང་བཞིན་གྱི་ལས་མི་བཀོལ་སྤྱོད་ཀྱི་གྲོས་མཐུན་བཞག་ཆོག གནས་སྐབས་སུ་རང་གི་རེ་འདོད་དང་ཁ་འཕྲོད་པའི་ལས་གནས་མེད་མཁན་དག་གིས་ཁུལ་དང་གྲོང་ཁྱེར་གྱི་ཤེས་ལྡན་མི་སྣ་ཚོང་རྭའི་ལས་འཚོལ་ཐོ་འགོད་བྱེད་སར་མི་སྒེར་གྱི་གནས་ཚུལ་དང་ལས་གནས་ཀྱི་འདོད་མོས་སོགས་འགོད་ཆོག་པ་རེད།

བྱ་འགུལ་སྤེལ་བའི་རིང་།  སྒྲུབ་གཉེར་བྱེད་པའི་སྡེ་ཁག་གི་ལས་སྒྲུབ་མི་སྣས་ལས་འཚོལ་མཁན་ལ་ཡུལ་དངོས་སུ་ལས་ཞུགས་དང་ལས་གཏོད་ཐད་ཀྱི་འབྲེལ་ཡོད་སྲིད་ཇུས་འགྲེལ་བཤད་བྱས་པ་དང་། ལས་གཏོད་ཀྱི་དངུལ་བསྐྱིས་སམ་《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ལ་འབྲེལ་ཡོད་ཀྱི་དྲིལ་བསྒྲགས་ཡིག་ཆ་ཡང་བཀྲམ་པ་རེད།   ཤེས་རྟོགས་བྱུང་བར་གཞིགས་ན། བདེ་ཆེན་ཁུལ་ནང་གི་ཁེ་ལས་མ་གཏོགས། ད་དུང་བདེ་ཆེན་ཁུལ་ངལ་རྩོལ་ལས་ཞུགས་ཞུབས་ཞུ་ཅུའུ་ཡིས་ཧུར་ཐག་གིས་ཞིང་ཆེན་གཞན་པའི་མི་ཤུགས་ཐོན་ཁུངས་ཁྲོམ་རར་སྣེ་མཐུད་བྱས་ནས་ལས་མི་བཀོལ་སྤྱོད་ཀྱི་གནས་ཚུལ2000ལྷག་འཚོལ་སྡུད་བྱས་ཏེ་ཡུལ་དངོས་སུ་བཀྲམ་བསྒྲགས་བྱས། །( དངོས་སྦྱོང་སློབ་མ་རག་ཤུལ་མིག་དམར་གྱིས་བསྒྱུར།)

རྩོམ་སྒྲིག་པ། : ཀླུ་མོ་མཚོ།