ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་སེམས་ཀྱི་ཉི་ཟླར“སེམས་མཐུན· ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་སྤྱི་ཕན་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2017-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། 2017ལོའི“སེམས་མཐུན· ཀྲུང་གོའི་སེམས་པ་མཉམ་དུ་གཏོད”པའི་སྤྱི་ཕན་བྱེད་སྒོ་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་ཐག་རིང་གྲོང་གསེབ་ཀྱི་སློབ་ཆུང་དུ་སྤེལ་ཞིང་། དང་བླངས་པ་རྣམས་ཀྱིས་དངོས་ཟོག་ཞལ་འདེབས་འབུལ་བ་དང་། གཅེས་སེམས་ཀྱི་དངོས་པོ་ཧབ་ཚོང་སྐུལ་བ། གཅིག་ལ་གཅིག་གཏད་ཀྱི་རོགས་སྐྱོར་བྱེད་པ་སོགས་ལ་བརྟེན་ནས་བོད་རིགས་ས་ཁུལ་གྱི་སློབ་མར་དྲོ་སྐྱིད་ཚོར་བ་བྱས་པ་རེད།

ཉེ་ཆར་སེམས་ཀྱི་ཉི་ཟླའི་དཀྱིལ་འཁོར་ཐང་ཆེན་དུ2017ལོའི“སེམས་གཅིག་ངང་ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་སྤྱི་ཕན་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་། རྒྱལ་ཡོངས་ཀྱི་ས་ཆ་ཁག་ནས་ཡོང་བའི་སྨན་དོན་དང་བླངས་པ200ལྷག་གིས་གཅེས་སེམས་མཚོན་པའི་དངོས་ཟོག་ཁྱེར་ནས་དེ་གར་འཛོམས་རྗེས་བདེ་ཆེན་འགྲོ་ཕན་བོད་ཡིག་སློབ་ཆུང་དང་། འཇོལ་གངས་རི་བོད་ཡིག་སློབ་ཆུང་། ཉིན་སྲིབ་ཤང་སློབ་ཆུང་བཅས་ལ་སོ་སོར་བསྐྱོད་ནས་གཅེས་སེམས་སློབ་སྐྱོར་གྱི་བྱེད་སྒོ་སྤེལ་བ་རེད།

བདེ་ཆེན་འགྲོ་ཕན་བོད་ཡིག་སློབ་ཆུང་ནི་ཁ་བ་དཀར་པོའི་འདབས་སུ་གནས་པ་དང་དེ་གར་སློབ་མ་ཁྱོན72ཡོད་ཅིང་། ཕྲུ་གུ་མང་པོའི་དུད་ཁྱིམ་གྱི་འབྱོར་འཁོས་ཞན་པ་དང་སློབ་གྲྭའི་སྒྲིག་བཀོད་ཀྱང་བལྟོས་བཅས་ཀྱིས་སྐྱོ་ཙམ་ཡོད་པ་རེད།

དང་བླངས་པ་ཚོགས་ཆུང་དང་པོ་དེ་གར་འབྱོར་རྗེས་སློབ་གྲྭའི་དགེ་སློབ་རྣམས་དང་མཉམ་དུ་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པ་དང་དེ་ནས་ཕྲུ་གུ་ཚོར་ལྟོ་སྣོད་དང་། དྲོད་སྲུང་ནང་འཇམ། འཚོ་བཅུད་ཀལ་སོགས་གཅེས་སེམས་དངོས་ཟོག་སྤྲད་པ་མ་ཟད། སློབ་མ་དབུལ་པོ7དང་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་ལམ་བཙུགས་པ་རེད། དེས་ན། བོད་ཆས་གྱོན་པའི་ཕྲུ་གུ་ཚོས་དང་བླངས་པ་རྣམས་དང་མཉམ་དུ་དགའ་སྤྲོའི་ངང་ཁ་བརྡ་གློད་ནས་སྐྱིད་པའི་དགོད་སྒྲ་ལྷང་ལྷང་གྲགས།

“དང་བླངས་པས་སློབ་གྲྭར་ཡོང་ནས་དངོས་ཟོག་ཞལ་འདེབས་སུ་ཕུལ་བར་ཐུགས་རྗེ་ཆེ་ཞུ། ཕྲུ་གུ་ཚོར་ཉིན་ལྟར་ལྟ་སྐྱོང་བྱེད་པའི་སློབ་གསོའི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་དགའ་ཚོར་ཆེན་པོ་བྱུང”ཞེས་སློབ་སྤྱི་སྐལ་བཟང་བཀྲ་ཤིས་ཀྱིས་དང་བླངས་པར་བཀའ་དྲིན་ཆེ་ཞུས་པ་མ་ཟད་བདེ་ཆེན་འགྲོ་ཕན་བོད་ཡིག་སློབ་ཆུང་གི་གནས་ཚུལ་ངོ་སྤྲོད་རགས་བསྡུས་ཀྱང་བྱས་པ་རེད།

གཞན་ཡང་དང་བླངས་པའི་ཚོགས་ཆུང་གཉིས་དང་སེམས་བཟང་ཅན་ཞིག་འཇོལ་གངས་རི་བོད་ཡིག་སློབ་ཆུང་དང་ཉིན་སྲིབ་ཤང་སློབ་ཆུང་དུ་འབྱོར་རྗེས་དེ་གའི་ཕྲུ་གུ་རྣམས་ལ་སྒོར39764རི་བའི་གཅེས་སེམས་མཚོན་པའི་དངོས་ཟོག་དང་སློབ་སྦྱོང་དང་། འཚོ་བའི་མཁོ་ཆས། དེ་བཞིན་དངུལ་སྨར་སྒོར40700སྤྲད་པ་དང་གཅེས་སེམས་དངོས་པོ་ཧབ་ཚོང་བསྐུལ་ནས་ཞལ་འདེབས་སྒོར52350བྱུང་བའི་ཁར་འཚོ་བར་དཀའ་ངལ་ཆེ་བའི་སློབ་མ25ལ་ཆ་སྒྲིག་རོགས་སྐྱོར་ཡང་བྱས་པ་རེད།

“དང་བླངས་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ། ཁྱེད་རྣམས་ཚེ་གང་པོར་ཅི་བསམ་ལྷུན་འགྲུབ་ཡོང་བའི་བཀྲ་ཤིས་བདེ་ལེགས་ཞུ”ཞེས་ཉིན་སྲིབ་ཤང་སློབ་ཆུང་གི་སློབ་སྤྱི་ཉི་ཧྥེས་བརྗོད་ཅིང་། ཁོང་གིས་དང་བླངས་པ་རྣམས་ཀྱིས་ཕྲུ་གུ་ཚོར་དངོས་པོའི་ཐད་ནས་རོགས་རམ་བྱས་པ་མ་ཟད། རྒྱལ་ཡོངས་ས་གནས་ཁག་གི་གཅེས་སེམས་སྟོབས་ཤུགས་མཚོན་པར་བྱས་པ་དེས་ཕྲུ་གུ་ཚོར་སློབ་སྦྱོང་ལ་བརྩོན་པ་བསྐྱེད་དེ་འབྱུང་འགྱུར་མཛེས་སྡུག་ལྡན་པ་ཞིག་ཡོང་བར་སྐུལ་མ་ཐེབས་པའི་རེ་བ་ཡོད།

དང་བླངས་པ་ཚོས“‘སེམས་མཐུན·ཀྲུང་གོའི་སེམས་པ་མཉམ་དུ་གཏོད’པའི་སྤྱི་ཕན་གྱི་གཅེས་སེམས་ལས་སྟེགས་བསྐྲུན་པ་ནི་རྒྱལ་ཡོངས་ས་ཆ་ཁག་གི་གཅེས་སེམས་སྟོབས་ཤུགས་དང་ཐག་རིང་ས་ཁུལ་གྱི་མི་ཚོགས་དབུལ་པོའི་དབར་བཙུགས་པའི་འབྲེལ་ཟམ་ཞིག་བསྐྲུན་ནས་ཕུགས་ཕན་གྱི་དབུལ་སྐྱོར་རོགས་སྐྱོར་གྱི་ལམ་སྲོལ་འཛུགས་རྒྱུར་ཕན་ཐོགས་པའི་ཆེད་དུ་ཡིན། ང་ཚོའི་བྱ་སྤྱོད་དང་འབོད་སྐུལ་ལ་བརྟེན་ནས་མི་སྔར་བས་མང་བ་དཀའ་ངལ་ཆེ་བའི་ཚོགས་སྤྱིར་གཅེས་སེམས་འབུལ་བའི་དཔུང་ཁག་ནང་ཞུགས་རྒྱུར་རེ་བ་ཡོད”ཅེས་བརྗོད།

“སེམས་མཐུན·ཀྲུང་གོའི་སེམས་པ་མཉམ་དུ་གཏོད”པའི་སྤྱི་ཕན་བྱེད་སྒོ་ནི་ཐག་རིང་ལུང་ཁུག་གི་མི་ཚོགས་དབུལ་པོར་བྱམས་སྐྱོང་དང་རོགས་སྐྱོར་གཙོ་བོར་བྱེད་པའི་གཞི་ཁྱོན་ཆེ་བའི་གནས་གཏན་འཁེལ་གྱི་སྤྱི་ཕན་བྱེད་སྒོ་ཞིག་རེད། མིག་སྔར་བྱེད་སྒོ་སི་ཁྲོན་དང་ཉིང་ཞ། ཀན་སུའུ། བོད་ལྗོངས། ཡུན་ནན་སོགས་ལ་སྤེལ་ཞིང་། རིམ་རྩིས་ལྟར་ན། དང་བླངས་པ་ཁྲི་ཕྲག་ཁ་ཤས་བྱེད་སྒོར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།