ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་།
ཟླ11པའི་ཚེས22ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་རྫོང་ལ་ཚད་རིམ6.3གྱི་ས་འགུལ་བྱུང་བ་དང་། ས་དེའི་རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཐེབས། ང་ཚོས་ཀྲུང་གུང་བདེ་ཆེན་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཁུལ་ཡོངས་ཀྱི་རིགས་སོ་སོའི་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་ཞུ་བ་དང་། ས་འགུལ་ལས་རྐྱེན་ངན་ལས་ཤོར་བའི་སྤུན་ཟླར་མྱ་ངན་ཞུས། གནོད་འགོག་རྒུད་སྐྱོར་གྱི་ལས་སུ་ཞུགས་པའི་རྒྱ་ཆེའི་ལས་བྱེད་མང་ཚོགས་དང་སྨན་བཅོས་མི་སྣ། མི་དམངས་བཅིངས་འགྲོལ་དམག་དཔུང་། དྲག་ཆས་ཉེན་རྟོག་དམག་དཔུང་དང་སྤྱི་བདེ་མི་སྣ་བཅས་ལ་གུས་སེམས་ཕུལ།
2013ལོར་བདེ་ཆེན་ཁུལ་ལ་ས་འགུལ་བྱུང་ཞིང་། ས་འགུལ་ལས་གནོད་འཚེ་ཐེབས་པར་མྱོང་ཚོར་ཆེན་པོ་ཡོད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སྤུན་ཟླའི་ཁུལ་དང་གྲོང་ཁྱེར་གྱིས་རོགས་སྐྱོར་བྱེད་པར་བཀའ་དྲིན་ཞུ་བ་དང་ཆབས་ཅིག ཕྱོགས་གཅིག་ལ་དཀའ་ཁག་ཡོད་ཚེ། ཕྱོགས་མང་པོས་རོགས་སྐྱོར་བྱེད་པའི་སྲོལ་རྒྱུན་ལེགས་པོ་རྒྱུན་འཛིན་བྱས་ཏེ། བདེ་ཆེན་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་རོགས་སྐྱོར་མ་དངུལ་སྒོར་ཁྲི50བཏང་སྟེ་སྤུན་ཟླའི་རང་སྐྱོང་ཁུལ་གྱི་རིགས་སོ་སོའི་མང་ཚོགས་སྔ་མོ་ནས་དཀར་ཁག་ལས་ཐར་བར་རོགས་སྐྱོར་བྱེད་རྒྱུ་དང་། ང་ཚོས་མུ་མཐུད་དུ་སྤུན་ཟླའི་རང་སྐྱོང་ཁུལ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་ཁོ་ཚོ་དང་མཉམ་དུ་དཀའ་སྡུག་མཉམ་ཁུར་བྱེད་རྒྱུ་ཡིན།
ང་ཚོའི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐུགས་ཁུར་དང་སི་ཁྲོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གིས་འགོ་ཁྲིད་འོག གནོད་ཐེབས་ས་ཁུལ་གྱི་རིགས་སོ་སོའི་མང་ཚོགས་རྣམས་དཀའ་ཁག་ཁྱད་དུ་བསད་པ་དང་སྔ་མོ་ནས་ཐོན་སྐྱེན་སླར་གསོ་བྱས་པ་བརྒྱུད། མཛེས་སྡུག་གི་ཕ་ཡུལ་གསར་སྐྲུན་བྱེད་པ་དང་གནོད་འགོག་རྒུད་སྐྱོར་བྱ་བ་མཐའ་དག་ལེགས་འགྲུབ་འབྱུང་བར་ཡིད་ཆེས་ཡོད། །
རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།