
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚུན་ལ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་གངས་ནད་འགོག་བཅོས་ཁང་དུ་ལུས་ཁམས་ཞིབ་བཤེར་བྱེད་པའི་མི་སྣ་མང་པོ་ཡོང་ཡོད་ལ། ལུས་གསོ་ཁང་གིས་ཁུན་མིང་དང་ཏ་ལི་སོགས་ནས་ཉམས་མྱོང་ལྡན་པའི་སྨན་པ་གདན་ཞུས་ཤིང་རང་ཁུལ་གྱི་སྡེ་ཁག་སོ་སོའི་ལས་བཟོ་ལ་ལུས་ཁམས་ཞིབ་བཤེར་བྱེད་པ་རེད།
“སྔོན་མར་ང་ཚོ་ལུས་ཁམས་ཞིབ་བཤེར་བྱེད་དུས་མང་ཆེ་བ་ཁུལ་མི་དམངས་སྨན་ཁང་དུ་འགྲོ་བ་དང་། སྐབས་འགར་ཕྱི་ཡུལ་དུ་འགྲོ་བ་རེད། ད་ལྟ་གསར་སྤེལ་ཆུས་སུ་རང་ཁུལ་གྱི་ལུས་གསོ་ཁང་ཡོད་དེ། སྨན་པའི་ཆུ་ཚད་མཐོ་ཞིང་ཁོར་ཡུག་ལེགས་པོ་ཡིན་པ། ད་དུང་རྒྱང་རིང་ཡང་འགྲོ་མི་དགོས་པས་སྟབས་བདེ་པོ་ཡིན་འདུག”ལུས་ཁམས་ཞིབ་བཤེར་བྱེད་ཡོང་བའི་བུད་མེད་གཅིག་གིས་དེ་འདྲ་བཤད་བྱུང་།
ཤེས་གསལ་བྱུང་དོན། བདེ་ཆེན་ཁུལ་གྱི་གངས་ནད་འགོག་བཅོས་ཁང་ནི་ཁུལ་རིམ་པའི་གལ་ཆེའི་རྣམ་གྲངས་ཤིག་ཡིན་པ་མ་ཟད། ད་དུང་བདེ་ཆེན་ཁུལ་གྱི་ཆེད་ལས་ལུས་གསོ་ཁང་ཨང་དང་པོ་རེད། ལུས་གསོ་ཁང་དེས་ནད་གཞི་བརྟག་དཔྱད་དང་། ལུས་ཁམས་ཞིབ་བཤེར། འཚོ་བའི་བདེ་སྲུང་སོགས་ནུས་པ་མང་པོ་ལྡན་ཞིང་། ལག་རྩལ་མཐོ་བ་དང་། ཚད་གཞི་མཐོ་བ། བླང་བྱ་མཐོ་བའི་འོག་སྔར་ལས་ཡག་པའི་ངང་ནས་རང་ཁུལ་གྱི་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་རེད། ལུས་གསོ་ཁང་དེའི་རྒྱ་ཁྱོན་མུའུ30ཟིན་ཡོད་དེ། མགྲོན་ཁང་ཁང་མིག49ཡོད་པ། རྒྱལ་ནང་དང་རྒྱལ་སྤྱིའི་ཁ་པར་རྒྱག་ཆོག་པ་མ་ཟད། གཤོང་ཆེའི་དྲ་རྒྱ་དང་། གློག་ཀླད། གྲངས་འཛིན་བརྙན་འཕྲིན་སོགས་ཚང་མ་ཡོད། ལུས་གསོ་ཁང་གི་ཟ་ཁང་ནང་དུས་གཅིག་ཏུ་མི220མཉམ་དུ་ཟ་མ་ཟ་ཆོག ད་དུང་དབྱར་ཉལ་ལྟེ་གནས་དང་ཝང་ཆིའུ་སྤོ་ལོའི་རྩེད་ཐང་སོགས་སྒྲིག་བཀོད་བྱས་ཡོད་པ་རེད། །
རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།