མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་སྡེ་ཁག་འགའ་མཉམ་འབྲེལ་སྒོས་སློབ་གླིང་གི་མེ་འགོག་བདེ་འཇགས་ཐད་བརྟག་དཔྱད་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-10-27 10:46

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་་ཨུའི་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་གིས་སློབ་གསོ་དང་། སྤྱི་བདེ། འཕྲོད་བསྟེན། མེ་འགོག བཟོ་ཚོང་སོགས་སྡེ་ཁག་རྩ་འཛུགས་བྱས་ནས་མཉམ་འབྲེལ་བརྟག་དཔྱད་ཚོ་ཆུང་བཙུགས་ཏེ། སྙན་ཞུ་ལ་ཉན་པ་དང་། ལས་ཡུལ་དངོས་སུ་བརྟག་དཔྱད་བྱེད་པ། ཡིག་ཚགས་ལ་བལྟ་བ་སོགས་ཀྱི་རྣམ་པ་བརྒྱུད་དེ། སེམས་ཀྱི་ཉི་ཟླ་རྫོང་མཁར་གྱི་སློབ་གྲྭ་ཆུང་འབྲིང6གི་བདེ་འཇགས་ལས་ཀར་བརྟག་དཔྱད་བྱས་པ་རེད།

བརྟག་དཔྱད་ཚོ་ཆུང་གིས་ནན་ཏན་གྱིས་རྒྱལ་ཐང་སློབ་ཆུང་དང་། དར་དམར་སློབ་ཆུང་། མི་རིགས་སློབ་ཆུང་། སློབ་འབྲིང་དང་པོ། སློབ་འབྲིང་གཉིས་པ། སློབ་འབྲིང་གསུམ་པ་སོགས་སློབ་གྲྭ6གི་འབྲེལ་ཡོད་འགན་འཁུར་མི་སྣའི་སློབ་གྲྭའི་ནང་ཁུལ་གྱི་མེ་འགོག་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། སློབ་གླིང་གི་སློབ་ཁྲིད་ཐོག་ཁང་ཁྱབ་ཚུལ་གྱི་དཔེ་རིས། སློབ་གྲྭའི་དགེ་སློབ་ཀྱི་གྲངས་ཀ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པར་ཉན་པ་རེད། གཙོ་བོ་མེ་འགོག་བདེ་འཇགས་སིལ་བཀྲམ་བགྲོད་ལམ་བཟང་མིན་དང་ ། བདེ་འཇགས་བགྲོད་ལམ་གྱི་ཁ་བཀག་ཡོད་མེད། མེ་གསོད་སྒྲིག་ཆས་ལ་སྐྱོན་བྱུང་ཡོད་མེད། བདེ་འཇགས་ཕྱོགས་སྟོན་བརྡ་རྟགས་དང་། མྱུར་སྐྱོབ་གློག་སྒྲོན། མེ་གསོད་སྒྲིག་ཆས་ཡང་དག་པའི་གནས་སུ་བཞག་ཡོད་མེད། མེ་འགོག་བདེ་འཇགས་སྒྲིག་ལམ་བཙུགས་ཡོད་མེད། མེ་འགོག་བདེ་འཇགས་ཀྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་ཡོད་མེད་སྐོར་གྱི་གནས་ཚུལ་ལ་བརྟག་དཔྱད་བྱས་པ་རེད། ལས་ཡུལ་དངོས་ནས་སློབ་གྲྭའི་དགེ་སློབ་རྣམས་མྱུར་སྐྱོབ་བྱེད་དགོས་པའི་གནས་ཚུལ་འོག་ཏུ་མི་སྣ་སིལ་བུར་བཀྲམ་པ་དང་། ཉེན་ཁ་ལས་ཐར་བ། མེ་འགོག་མེ་གསོད་བྱེད་པའི་ཐད་ལ་སྣེ་སྟོན་བྱས་པ་རེད།

དེའི་བར་སྐབས་སུ། མེ་འགོག་བརྟག་དཔྱད་མི་སྣས་ད་དུང་བརྟག་དཔྱད་བྱས་པའི་གནས་ཚུལ་དང་མེ་འགོག་ཉེན་ཁའི་ཕྱོགས་སུ་གནས་པའི་གནད་དོན་རེ་རེ་ཐོ་འགོད་བྱས་ནས། དོན་དངོས་ཀྱིས་གནས་ཚུལ་དངོས་ལ་རྒྱུས་ལོན་བྱས་ཏེ། རྒྱུ་རྐྱེན་ངོ་མར་ངོས་འཛིན་གསལ་བོ་བྱས་ཡོད། བརྟག་དཔྱད་བྱེད་པའི་ཁྲོད་དུ་མེ་འགོག་གི་ཉེན་ཁ12ཡོད་པ་རྟོགས་ཤིང་། ཉེན་ཁ་རེ་རེ་ལེགས་བཅོས་བྱས་པ་རེད། དེར་མ་ཟད། 《ལེགས་བཅོས་བྱེད་དགོས་པའི་བཀའ་འབེབས་སྤྱི་བསྒྲགས་ཡི་གེ》6དང་། མེ་འགོག་དྲིལ་བསྒྲགས་ཡིག་ཆ800ལྷག་མང་ཚོགས་ལ་བཀྲམ་པ་རེད།

བརྟག་དཔྱད་ཚོ་ཆུང་གིས་བརྟག་དཔྱད་བྱས་པའི་གནས་ཚུལ་ལ་ཕྱིར་ལན་སྤྲད་ནས། སློབ་གྲྭ་ཁག་ནས་ནན་ཏན་གྱིས་མེ་འགོག་བདེ་འཇགས་ལས་ཀ་སྒྲུབ་དགོས་པའི་བླང་བྱ་གསུམ་བཏོན་པ་སྟེ། གཅིག་ནི་བདེ་འཇགས་ཀྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་དགོས། གཉིས་ནི་བདེ་འཇགས་གསོ་སྦྱོང་བྱེད་རྒྱུ་དོན་ཐོག་ཏུ་འཁྱོལ་དགོས། གསུམ་ནི་བདེ་འཇགས་སློབ་གསོ་གཏོང་རྒྱུ་དོན་ཐོག་ཏུ་འཁྱོལ་དགོས་པ་བཅས་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག