མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་ཚྭ་ཇེ་ཉུང་དུ་བཏང་ནས་ཁྲག་ཤེད་མཐོ་བར་ཚོད་འཛིན་བྱེད་པའི་སྐུལ་སློང་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-10-20 10:30

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས10ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་ཅུས་ཀྱིས་གཙོ་སྒྲུབ་གནང་བ་དང་། ཡུན་ནན་ཚྭ་ལས་མ་རྐང་ཚད་ཡོད་ཀུང་སི་ས་དམ་ཡན་ལག་ཀུང་སིས་སྒྲུབ་འགན་བླངས་པ། སེམས་ཀྱི་ཉི་ཟླ་རྫོང་འཕྲོད་བསྟེན་ཅུས་དང་། སེམས་ཀྱི་ཉི་ཟླ་རྫོང་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་ནང་དུ་ཟབ་ཞུགས་བྱས་ཤིང་། བརྗོད་བྱ་ནི་རྫས་འགྱུར་ནཱ་འདྲེས་ཚད་ཉུང་བའི་ཟས་སྤྱོད་ཚྭ་བཀོལ་ཏེ། ཁྲག་ཤེད་མཐོ་བར་ཚོད་འཛིན་བྱེད་པ་ཞེས་པའི་དྲིལ་བསྒྲགས་བྱེད་སྒོ་དེ་སེམས་ཀྱི་ཉི་ཟླ་རྫོང་མཁར་ནས་འགོ་ཚུགས་པ་རེད།

གཙོ་སྒྲུབ་བྱེད་མཁན་ཕྱོགས་ཀྱིས་འགྲེམས་སྟོན་བྱང་བུ་བཀྲམ་པ་དང་། རིན་མི་ལེན་པར་ཁྲག་ཤེད་འཇལ་བ། རྫས་འགྱུར་ནཱ་འདྲེས་ཚད་ཉུང་བའི་ཤེས་བྱ་དྲིལ་བསྒྲགས་བྱེད་པ་དང་། དྲིལ་བསྒྲགས་ཡིག་ཆ་བཀྲམ་པ་སོགས་ཀྱི་རྣམ་པ་བརྒྱུད་ནས། ཁྱིམ་གྱི་ཐབ་ཚང་དང་བཟའ་བཏུང་ཞབས་ཞུའི་ལས་རིགས་ཁག་ནས་ཚྭ་ཇེ་ཉུང་དུ་གཏོང་བའི་བྱ་ཐབས་སྤྱོད་དགོས་པའི་འབོད་སྐུལ་བཏང་སྟེ། མང་ཚོགས་ཀྱིས་ཚྭ་བཀོལ་སྤྱོད་བྱེད་པའི་ཐད་ཀྱི་ཤེས་རྒྱ་ཇེ་མཐོར་བཏང་བ་རེད། དེར་མ་ཟད། མང་ཚོགས་ལ་རིན་མི་ལེན་པར་ཁྲག་ཤེད་འཇལ་ནས། ཚྭ་ལེན་བྱེད་ཀྱི་ཚད་ལྡན་ཐོམ་བུ་དང་། གླང་བོ་ཆེ་དཀར་པོ་རྟགས་ཅན་གྱི་རྫས་འགྱུར་ནཱ་འདྲེས་ཚད་ཉུང་བའི་ཚྭ། བྲང་ཁོག་མི་གཟེར་བའི་སྨན་རྫས་སོགས་ཀྱང་བྱིན་ཡོད་ཅིང་། 《ཡུན་ནན་ཞིང་ཆེན་གྱི་ཚྭ་ཇེ་ཉུང་དུ་བཏང་ནས་ཁྲག་ཤེད་མཐོ་བར་ཚོད་འཛིན་བྱེད་པའི་སྐུལ་སློང་ཡི་གེ》དང་། 《ཁྲག་ཤེད་མཐོ་བར་ཚོད་འཛིན་བྱས་ནས་རྫས་འགྱུར་ནཱ་འདྲེས་ཚད་ཉུང་བའི་ཚྭ་སྤྱོད་པ།》 《ཁྲག་ཤེད་མཐོ་བ་ཚོད་འཛིན་བྱེད་པའི་རྒྱུན་ཤེས》སོགས་ཀྱི་དྲིལ་བསྒྲགས་ཡིག་ཆ་བཀྲམས་པ་རེད།

རྒྱལ་ཐང་རྫོང་གི་པད་མ་སྒྲོལ་མས། ཚྭ་ཇེ་ཉུང་དུ་བཏང་ནས་ཁྲག་ཚད་མཐོ་བར་ཚོད་འཛིན་བྱེད་པའི་བྱེད་སྒོ་འདི་སྒྲུབ་པར་དོན་སྙིང་ངེས་ཅན་ལྡན་པ་རེད། ངས་རིན་སྟེར་མི་དགོས་པའི་ཁྲག་ཤེད་འཇལ་བ་མ་ཟད། བྲང་ཁོག་མི་གཟེར་བའི་སྨན་རྫས་ཀྱང་བླངས་ཡོད། རྗེས་ཕྱོགས་ཀྱི་འཚོ་བའི་ནང་ཚྭ་ཇེ་ཉུང་དུ་གཏོང་བའི་ཕྱོགས་ལ་མཉམ་འཇོག་བྱས་ཏེ། ཁྲག་ཤེད་ཇེ་མཐོར་འགྲོ་བར་དོ་གཟབ་བྱེད་རྒྱུ་ཡིན་ཞེས་བཤད་བྱུང་།

རང་ཁུལ་གྱིས་ཚྭ་ཇེ་ཉུང་དུ་བཏང་ནས་ཁྲག་ཤེད་མཐོ་བར་ཚོད་འཛིན་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྒྲུབ་པ་བརྒྱུད་ནས། ཁྲག་ཤེད་མཐོ་བར་ཚོད་འཛིན་བྱེད་པའི་ཤེས་བྱ་ཁྱབ་གདལ་དུ་བཏང་ཡོད། རྗེས་མར་རྫས་འགྱུར་ནཱ་འདྲེས་ཚད་ཉུང་བའི་ཚྭ་སྤྱད་དེ། ཁྲག་ཤེད་མཐོ་བར་ཚོད་འཛིན་བྱེད་པའི་འདུ་ཤེས་དེ་རྒྱ་ཆེའི་མང་ཚོགས་ཀྱི་ཁྲོད་དུ་བརྒྱུད་བསྒྲགས་བྱས་ནས། མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་ཇེ་བརྟན་དུ་གཏོང་རྒྱུ་ཡིན་ལ། མང་ཚོགས་ཀྱིས་བདེ་ཐང་གི་འཚོ་བ་ཞིག་རོལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ཁུལ་འཕྲོད་བསྟེན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣ་ཞིག་གིས་འདི་ལྟར་བཤད་བྱུང་།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག