མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས“ལོ་ལྔ་ཚན་བཅུ་གསུམ”གྱི་འཆར་གཞི་བཟོ་འགོ་ཚུགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-10-20 10:29

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་“ལོ་ལྔ་ཚན་བཅུ་གསུམ”གྱི་འཆར་གཞི་བཟོ་བའི་ལས་ཀ་དངོས་སུ་འགོ་ཚུགས་ཡོད།“ལོ་ལྔ་ཚན་བཅུ་གསུམ”གྱི་དུས་སྐབས་ནི་སེམས་ཀྱི་ཉི་ཟླ་རྫོང་གིས་རྒྱལ་ཡོངས་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་དཔེ་སྟོན་ཁུལ་འཛུགས་པ་དང་།ཤུགས་ཡོངས་བཏོན་ནས་ལྗང་མདོག་གི་མི་ཆོས་དང་།འཆམ་མཐུན་དང་འབྱོར་ཕྱུག་ལྡན་པའི་སེམས་ཀྱི་ཉི་ཟླ་འཛུགས་པ།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་གནད་ཆེའི་དུས་སྐབས་ཤིག་ཡིན་ཞིང་།རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་ཁོར་ཡུག་རྙོག་དྲ་ཆེ་ཞིང་གཏན་ཁེལ་མེད་པའི་རྒྱུ་རྐྱེན་ཇེ་མང་དུ་སོང་བའི་རྒྱབ་ལྗོངས་འོག ཚན་རིག་དང་མཐུན་པའི་ངང་ནས་སེམས་ཀྱི་ཉི་ཟླ་རྫོང་གི་“ལོ་ལྔ་ཚན་བཅུ་གསུམ”གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་བཟོ་འགོད་བྱེད་པ་དེ།རྒྱལ་ཁབ་ཕྱི་ནང་དང་ཞིང་ཆེན་ཕྱི་ནང་གི་འཕེལ་རྒྱས་གནས་བབ་དང་མཐུན་ཞིང་།དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་འགྱུར་གསར་པ་ལ་འོས་མཐུན་གྱིས་ཁ་གཏད་གཅོག་པ།སེམས་ཀྱི་ཉི་ཟླའི་མཆོང་སྐྱོད་གསར་པ་ཡོང་བར་སྐུལ་འདེད་གཏོང་བ།རྫོང་ཡོངས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མུ་མཐུད་དུ་ལེགས་སུ་གཏོང་བར་གཏིང་རིང་ཞིང་གལ་ཆེའི་དོན་སྙིང་ལྡན་པ་རེད།

སེམས་ཀྱི་ཉི་ཟླ་རྫོང་གི“ལོ་ལྔ་ཚན་བཅུ་གསུམ”གྱི་འཆར་གཞིའི་བཟོ་འགོད་ལས་ཀ་དེ་དུས་རིམ་གསུམ་དུ་བགོས་ཡོད་པ་སྟེ།དུས་རིམ་དང་པོ་ནི་གཞི་རྩའི་བསམ་ལམ་གྱི་འཆར་ཟིན་འགོད་པའི་དུས་རིམ་ཡིན་པ།ད་ལོའི་ལོ་མཇུག་བར་དུ་དུས་འགོའི་གལ་ཆེའི་ཞིབ་འཇུག་བྱ་གཞིར་ཞིབ་འཇུག་བྱེད་པ་དང་།དེ་རྒྱལ་ཁབ་དང་ཞིང་ཆེན་གྱི་“ལོ་ལྔ་ཚན་བཅུ་གསུམ”གྱི་འཆར་གཞིར་ཚུད་རྒྱུའི་གྲོས་གཞི་འདོན་དགོས།དུས་རིམ་གཉིས་པ་ནི་འཆར་གཞིའི་མདོ་དོན་གྱི་སྤྱི་ཁོག་ཏུ་གྲུབ་པའི་དུས་རིམ་ཡིན་པ།སང་ལོའི་ལོ་འགོ་ནས་རྫོང་ཨུའི་“ལོ་ལྔ་ཚན་བཅུ་གསུམ”གྱི་འཆར་གཞིའི་གྲོས་གཞི་མ་འདོན་གོང་དུ།སྒྲིག་འཛུགས་བྱས་ནས་འཆར་གཞིའི་མདོ་དོན་གྱི་ཞིབ་འཇུག་དང་འཆར་ཟིན་བྲིས་ནས།འཆར་གཞིའི་མདོ་དོན་གྱི་སྤྱི་ཁོག་ཏུ་གྲུབ་དགོས།དུས་རིམ་གསུམ་པ་ནི་འཆར་གཞིའི་མདོ་དོན་གྱི་འཆར་ཟིན་འབྲི་བའི་དུས་རིམ་ཡིན་པ།རྫོང་ཨུའི་“ལོ་ལྔ་ཚན་བཅུ་གསུམ”གྱི་འཆར་གཞི་བཟོ་འགོད་བྱེད་པའི་བསམ་འཆར་གྲོས་མཐུན་བྱུང་རྗེས། “ལོ་ལྔ་ཚན་བཅུ་གསུམ”གྱི་འཆར་གཞིའི་རྩ་དོན་གྱི་འཆར་ཟིན་བཟོ་འགོ་ཚུགས་རྒྱུ་དང་།ཁྱབ་རྒྱ་ཆེ་མོས་ཕྱོགས་སོ་སོའི་བསམ་འཆར་བསྡུ་ལེན་བྱེད་པ།གོ་རིམ་ལྟར་རྫོང་ཨུ་ལ་སྙན་སེང་ཞུ་བ་དང་།ཞིང་ཆེན་དང་ཁུལ་འཕེལ་སྒྱུར་ཨུ་དང་སྣེ་མཐུད་བྱེད་པ།ཆེད་མཁས་ཀྱིས་བློ་འདོན་དང་རིགས་པས་སྒྲུབ་པ།རྫོང་མི་དམངས་འཐུས་མིའི་ཚོགས་ཆེན་ལ་དཔྱད་ཞིབ་དུ་འབུལ་བ་སོགས་རབ་དང་རིམ་པའི་ལས་ཀ་ཡག་པོ་བསྒྲུབ་དགོས།

“ལོ་ལྔ་ཚན་བཅུ་གསུམ”གྱི་འཆར་གཞི་བཟོ་བའི་ལས་ཀ་ནི་མ་ལག་ལས་གཞི་ཞིག་ཡིན་ཞིང་།དུས་ཚོད་ཀྱི་བར་བརྒལ་རིང་ལ་འབྲེལ་གཏུག་ཁྱབ་ཁོངས་ཆེ་བ།ལས་ཀའི་བླང་བྱ་མཐོ་བ་ཡོད།“ལོ་ལྔ་ཚན་བཅུ་གསུམ”གྱི་འཆར་གཞི་བཟོ་བའི་ལས་ཀ་དྲག་ཏུ་གཏོང་ཆེད།སེམས་ཀྱི་ཉི་ཟླ་རྫོང་གིས་ད་དུང་ཆེད་དམིགས་སུ་འགོ་ཁྲིད་ཚོ་ཆུང་བཙུགས་ཏེ།རྫོང་ཡོངས་ཀྱི་“ལོ་ལྔ་ཚན་བཅུ་གསུམ”གྱི་འཆར་གཞི་བཟོ་བའི་ལས་ཀའི་སྒྲིག་འཛུགས་དང་།མཐུན་སྦྱོར་དང་ལྟ་སྐུལ་ཁྲིད་སྟོན་བྱེད་འགན་བཅས་འཁུར་བ།ད་དུང་འབྲེལ་ཡོད་སྡེ་ཁག་ནས་མི་སྣ་འཐེན་སྐོང་བྱས་ཏེ་ལས་བྱེད་ལྷན་སྤྱི་བཙུགས་ཤིང་།འཕེལ་སྒྱུར་སྡེ་ཁག་གིས་སྣེ་ཁྲིད་དེ་གཅིག་གྱུར་གྱིས་མཐུན་སྦྱོར་བྱེད་པ་དང་།ནང་ཞུགས་སྡེ་ཁག་དང་ཤང་(གྲོང་རྡལ)གིས་གཞོགས་འདེགས་དམ་པོ་བྱེད་པའི་ལས་ཀའི་རྐྱེན་སྲོལ་ཞིག་གྲུབ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག