མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གི་སྐབས་དང་པོའི་སྟོན་གྱི་རྟ་རྒྱུག་འགྲན་ཚོགས་གཟབ་རྒྱས་ངང་བསྡུས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-09-20 11:11

 
 
 
རྟ་བརྒྱ་ཕྲག་མང་པོ་མཉམ་དུ་རྒྱུག་པ།
《དགའ་གླུ་ལེན་པའི་རྒྱལ་ཐང་བུ་མོ》ཞེས་པའི་འཁྲབ་ཚན་འཁྲབ་བཞིན་པ།(ཀྲང་གོ་ཧྭ་ཡིས་པར་བླངས།)

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་བདེ་ཆེན་མཐོ་སྒང་ལ་རི་ཀླུང་ལྟ་ན་སྡུག་པ།ཚེས་18ཉིན།སྐབས་དང་པོའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་སྟོན་གྱི་རྟ་རྒྱུག་འགྲན་ཚོགས་དེ་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་སྡེར་ལེགས་འགྲུབ་ངང་བསྡུས་པ།རྟ་རྩལ་འཁྲབ་སྟོན་དང་རིག་རྩལ་འཁྲབ་སྟོན།སྟོན་གྱི་རྩྭ་ཐང་ཐོག་ཏུ་མཉམ་སྤྲོ་ཆེན་མོ་བྱེད་པ་སོགས་བྱེད་སྒོ་ལ་བརྒྱུད་ནས་བདེ་ཆེན་གྱི་ཕུན་སུམ་ཚོགས་པའི་རྟ་རྒྱུག་རིག་གནས་དང་རྩྭ་ཐང་གི་རིག་གནས་ཕྱིར་སྟོན་པ་རེད།

ཡུན་ནན་ཞིང་ཆེན་ཉེན་རྟོག་དྲག་དཔུང་སྤྱི་ཁྱབ་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཀྲང་ཀུའེ་པུའོ་དང་ཁུལ་ཨུའི་ཧྲུའུ་ཅི་དབྱིན་པའེ།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་མ་ཝུན་ལུང་།ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཚང་ཀོང་།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཏུའུ་ཡུང་ཁྲུན།ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲང་ཝེ།ཁུལ་ཨུའི་རྒྱུན་ཨུ།ཁུལ་དཔོན་གཞོན་པ་ནོར་བུ་གཡང་འཛོམས་སོགས་ཞིང་ཆེན་དང་ཁུལ་གྱི་འགོ་ཁྲིད་བྱེད་སྒོར་ཞུགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཧོང་ཀྲེང་ཧུང་གིས་རྟ་རྒྱུག་འགྲན་ཚོགས་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ།

ཉིན་དེར།ཉི་ཤར་གྲོང་སྡེའི་ལ་རྩ་རྩྭ་ཐང་ནི་སྔར་ལས་མཛེས་སྡུག་ལྡན་པར་གྱུར་གྱིན་ཡོད་དེ།ཚོན་དར་ལྷབ་ལྷུབ་ཏུ་གཡོ་ཞིང་།ས་གནས་ཁག་གི་མང་ཚོགས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་སྟེ་ཐེངས་འདིའི་རྟ་རྒྱུག་འགྲན་ཚོགས་ལ་ཞུགས་ཡོད།མང་ཚོགས་ཀྱིས་ཕུབ་པའི་སྦྲ་གུར་ནི་རྟ་རྒྱུག་འགྲན་རའི་འགྲམ་དུ་གྲ་འགྲིག་པོར་བསྒྲིགས་ཡོད།ལྗང་མདོག་གི་རྩྭ་ཐང་དང་ཁ་དོག་དཀར་བའི་སྦྲ་གུར།དེའི་ཁྲོད་དུ་བོད་རིགས་བུ་མོའི་ཚོན་མདོག་འདྲ་མི་སྣ་ཚོགས་ཀྱི་དུས་ཆེན་གྱི་གཟབ་གོས་ཀྱིས་བརྒྱན་ཡོད་པས།རྒྱང་རིང་ནས་ལྟ་དུས་མཛེས་སྡུག་ལྡན་པའི་རི་མོ་ཞིག་དང་ཀུན་ནས་མཚུངས།སྙན་ཞིང་འཇེབས་པའི་སྒྲ་སྙན་གྱི་རོལ་དབྱངས་ཁྲོད་དུ་དཔའ་མཛངས་ལྡན་བའི་བོད་རིགས་ཀྱི་ཕོ་གསར་ཚོས་རྟ་ལྕག་ཤར་ནས་རྟ་རྩལ་འགྲན་རར་སྐྱོད་དེ་མང་ཚོགས་ལ་རང་ཉིད་ཀྱི་རྟ་རྩལ་ངོམ་པ་རེད།

སྔ་དྲོའི་ཆུ་ཚོད10སྟེང་། ཐོག་མར་ལྟད་མོ་བར་བསྟན་པའི་འཁྲབ་ཚན་ནི་རྟ་རྩལ་འཁྲབ་སྟོན་ཡིན། རྟ་ལག་བྱེད་པ་དང་། རྟ་ཐོག་མགོ་བོ་ཐུར་རུ་བསྟན་ནས་ལངས་པ། མི་དྲུག་གིས་རྟ་གསུམ་སྐྱ་བ། རྟ་རྩལ་པས་ངོ་མཚར་ཆེ་བའི་རྟ་རྩལ་བསྟན་ནས་ལྟད་མོ་བ་རྣམས་ཀྱི་ཡིད་དབང་འཕྲོག་པ། དེའི་རྗེས། ཁུལ་གླུ་གར་ཚོགས་པའི་འཁྲབ་སྟོན་པས་《དགའ་གླུ་ལེན་པའི་རྒྱལ་ཐང་བུ་མོ》སོགས་རིག་རྩལ་འཁྲབ་ཚན6བསྟན་པ། བཅར་འདྲིར་ཡོང་བའི་གསར་འགོད་པས་པར་བླངས་ཏེ་མཛེས་སྡུག་ལྡན་པའི་སྣང་ཚུལ་ཡུད་ཙམ་དེ་པར་ཐོག་ཕབ་པ་རེད། རྗེས་སུ་རྟ་རྒྱུག་འཁྲབ་སྟོན་ལ་མགྱོ གས་ཚད་འགྲན་བསྡུར་གྱི་ངར་སེམས་ཡོད་པ་མ་ཟད།གོམ་ཚད་འགྲན་བསྡུར་གྱི་མཛེས་ཉམས་ཀྱང་ལྡན་པ། རྟ་བརྒྱ་ཕྲག་དུ་མ་ལྷན་དུ་རྒྱུག་ནས།བོད་རིགས་རྟ་ཐོག་གི་མི་རིགས་ཡིན་པའི་ཉམས་འགྱུར་དེ་ཕྱིར་འདང་ངེས་བསྟན་པ་མ་ཟད།ད་དུང་བདེ་ཆེན་མི་དམངས་ཀྱི་མ་འོངས་པའི་འཚོ་བ་ཉིན་རེ་བཞིན་གོང་དུ་སྤེལ་བའི་སྨོན་འདུན་ཞུས་པ་རེད།

ཉི་ཤར་གྲོང་གི་རྒན་པོ་བསོད་ནམས་རྒྱལ་མཚན་གྱིས་རྟ་རྒྱུག་པ་དེ་ང་ཚོ་ཆེས་དགའ་བའི་རྣམ་གྲངས་ཤིག་ཡིན་ལ། དེ་རིང་གི་འཁྲབ་ཚན་ཕུན་སུམ་ཚོགས་པོ་འདུག ཁྱད་པར་དུ་རྗེས་མའི་རྟ་བརྒྱ་ཕྲག་དུ་མ་མཉམ་དུ་རྒྱུག་པའི་ངང་ཚུལ་གྱིས་ངའི་སེམས་རབ་ཏུ་འཕྲོག་བྱུང་ཞེས་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན།སྟོན་གྱི་རྟ་རྒྱུག་བསྡུས་པའི་དམིགས་ཡུལ་ནི་གར་སྟེགས་གསར་པ་སྐྲུན་པ་དང་། ཁུལ་དང་གྲོང་ཁྱེར་སོ་སོའི་བར་གྱི་རིག་གནས་བརྗེ་རེས་ལ་ཤུགས་བསྣན་པ། མི་རིགས་མཐུན་སྒྲིལ་དང་མཛའ་བརྩེ་ལ་སྐུལ་འདེད་བྱེད་པའི་ཆེད་དུ་ཡིན།ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་སྐུ་མགྲོན་རྣམས་སེམས་ཀྱི་ཉི་ཟླ་རུ་ལྷན་འཛོམས་བྱེད་པའི་གོ་སྐབས་དང་བསྟུན་ནས།བདེ་ཆེན་བོད་མི་རིགས་ཀྱི་རྟ་རྒྱུག་རིག་གནས་དང་རྩྭ་ཐང་གི་རིག་གནས་མངོན་པ་རེད།

ཉིན་དེར།ཐེངས་འདིའི་ཞིང་ཆེན་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་འཐུས་ཚབ་རུ་ཁག་གི་མི་རིགས་ཀྱི་སྤུན་ཟླ་ལྕམ་སྲིང་རྣམས་རང་ཁུལ་གྱི་མི་རིགས་སོ་སོའི་མི་དམངས་དང་མཉམ་དུ་དགའ་འཛོམས་ཆེ་བའི་ངང་རྟ་རྒྱུག་འགྲན་ཚོགས་རོལ་བ་རེད། “མཛེས་སྡུག་གི་ཆང་ཕོར་ཡར་ལ་འདེགས། མཛེས་སྡུག་གི་ཆང་ཕོར་ནང་དུ་བརྩེ་བས་ཁེངས། གྲོགས་པོ་རྣམས་ཀྱི་ཁ་ལས་རླུང་རྟ་དར་བའི་བཀྲ་ཤིས་ཞུ། གྲོགས་པོ་རྣམས་ལ་ལམ་བགྲོད་བདེ་ལེགས་ཡོང་བའི་བཀྲ་ཤིས་ཞུ།ལྷན་འཛོམས་ཀྱི་དུས་ཚོད་ནི་འདི་འདྲ་ཐུང་ཡང་།ང་ཚོའི་མཛའ་བརྩེ་ནི་ནམ་ཡང་འགྱུར་བ་མེད།”ཆང་གཞས་ཁྲོད་ས་ཆ་མི་གཅིག་པ་དང་མི་རིགས་མི་གཅིག་པ་ནས་ཡོང་བའི་སྤུན་ཟླ་དག་དགའ་སྤྲོའི་ལག་གདང་མཉམ་དུ་སྦྲེལ་ནས།མཉམ་དུ་གླུ་ལེན་གར་རྩེན་བྱས་པ་དང་། བྲོ་གར་དང་ཞིམ་མངར་ནས་ཆང་གིས་མཛའ་བརྩེའི་ཟམ་པ་འབྲེལ་ལ། མི་རིགས་སོ་སོའི་མི་དམངས་ཀྱི་བརྩེ་སེམས་མཉམ་དུ་འབྲེལ་བ་རེད།

ཞི་ཧྲོང་པན་ན་ནས་ཡོང་བའི་ཧ་ཉི་རིགས་ཀྱི་བུ་མོ་ཨ་དབྱིན་གྱིས་ཐེངས་འདིར་སེམས་ཀྱི་ཉི་ཟླར་སླེབས་པ་ནི་དངོས་གནས་དོན་དང་ལྡན་པ་ཞིག་རེད།གནས་འདིར་མཛེས་སྡུག་གི་གངས་རི་དང་རྩྭ་ཐང་ཡོད་པ་མ་ཟད། སེམས་ཀྱི་ཉི་ཟླའི་མི་དམངས་མགྲོན་བསུ་ཆེ་བས་དངོས་གནས་སེམས་འགུལ་ཐེབས་བྱུང་། རྗེས་སུ་ཡང་སེམས་ཀྱི་ཉི་ཟླར་ཡུལ་སྐོར་བྱེད་དུ་ཡོང་རྒྱུ་ཡིན་ཞེས་བཤད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག