མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གི་སྐབས་དང་པོའི་ཁྱད་ལྡན་ཐོན་ལས་འགྲེམ་སྤེལ་ཉོ་ཚོང་ཚོགས་འདུ་གཟབ་རྒྱས་ངང་ཚོགས་འགོ་བརྩམས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-16 10:26

 

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས15ཉིན་གྱི་སྔ་དྲོའི་དུས་ཚོད9སྟེང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། བདེ་ཆེན་ཁུལ་བཟོ་ལས་བརྡ་འཕྲིན་ཨུ་ཡོན་ལྷན་ཁང་། བདེ་ཆེན་ཁུལ་ཕྱི་དོན་དང་ཚོང་ལས་ཅུའུ་བཅས་ཀྱིས་སྒྲུབ་འགན་ཁུར་བའི་སེམས་ཀྱི་ཉི་ཟླ་རྫོང་གི་སྐབས་དང་པོའི་ཁྱད་ལྡན་ཐོན་ལས་འགྲེམ་སྤེལ་ཉོ་ཚོང་ཚོགས་འདུ་བདེ་ཆེན་ཁུལ་རིག་གནས་བཤམས་སྟོན་ལྟེ་གནས་སུ་ཚོགས་འགོ་བརྩམས། བདེ་ཆེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཡན་པའེ་ཡིས་ཚོགས་འདུ་འགོ་རྩོམ་པར་ཁྱབ་བསྒྲགས་བྱས།

རྒྱུས་ལོན་པ་ལྟར་ན།  ཐེངས་འདིའི་འགྲེམ་སྤེལ་ཉོ་ཚོང་ཚོགས་འདུ་ལས་ལྗང་མདོག་སྐྱེ་ཁམས་བརྗོད་དོན་དུ་བཟུང་ནས།  བདེ་ཆེན་ཁུལ་གྱི་ཐུན་ཁོངས་དང་ཁྱད་ལྡན་ཐོན་ལས་ལེགས་ཆར་དང་བསྟུན། “སྒོ་འབྱེད་དང་གསར་སྤེལ། མཉམ་ལས་དང་དར་སྤེལ”བྱེད་པར་དམིགས་ནས་རྒྱལ་ཁབ་ཕྱི་ནང་གི་ཚོང་བ་དང་ཁེ་ལས་འཐུས་ཚབ་སོགས་གདན་ཞུ་བྱས་ཏེ་ཐོན་རྫས་འགྲེམ་སྤེལ་ཉོ་ཚོང་དང་ཉོ་ཚོང་གྲོས་མོལ། ཚོང་འགུག་མཚམས་སྦྱོར་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་བ་བརྒྱུད།  སེམས་ཀྱི་ཉི་ཟླ་རྫོང་དང་ཕྱི་ཕྱོགས་བར་གྱི་མཉམ་འབྲེལ་རྗེས་རེས་དང་ཁྱོན་ཡོངས་ནས་སེམས་ཀྱི་ཉི་ཟླ་རྫོང་གི་ཁྱད་ལྡན་ཐོན་རྫས་ཀྱི་མིང་རྟགས་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བྱས།

བདེ་ཆེན་ཁུལ་ཕྱི་ནང་གི་སྐུ་མགྲོན་སྟོང་ལྷག་དང་ཚོང་བ་རྣམས་འགྲེམ་སྤེལ་ཉོ་ཚོང་ཚོགས་འདུ་ཚོགས་འགོ་བརྩམས་པའི་མཛད་སྒོ་སྟེང་ཞུགས། བདེ་ཆེན་ཁུལ་གྱི་ཏང་ཨུའི་རྒྱུན་ཨུའམ། ཁུལ་དཔོན་གཞོན་པ་ནོར་བུ་གཡང་འཛོམས་ཀྱིས་བདེ་ཆེན་ཁུལ་ཏང་ཨུ་དང་།  ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་སེམས་ཀྱི་ཉི་ཟླ་རྫོང་གི་ཁྱད་ལྡན་ཐོན་རྫས་འགྲེམ་སྤེལ་ཉོ་ཚོང་དུ་ཕེབས་པའི་འགོ་ཁྲིད་རྣམ་པ་དང་ཚོང་བར་ལྷག་བསམ་རྣམ་དག་གིས་དགའ་བསུ་བྱས།

ཤེས་གསལ་ལྟར་ན།  ཉེ་བའི་ལོ་འགའི་རིང་།  བདེ་ཆེན་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་དུས་དང་རྣམ་པ་ཀུན་ཏུ་མཐོང་ཆེན་བྱེད་བཞིན་ཡོད་ལ། དམངས་གཉེར་ཁེ་ལས་འཕེལ་རྒྱས་ཕྱོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་གཏན་འབེབས་བྱས་ཏེ་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་།  ནུས་ཤུགས་ཡོད་ཚད་བཏོན་ནས་བདེ་ཆེན་ཁུལ་ཐོན་ཁུངས་ལེགས་ཆར་གསར་སྤེལ་བྱེད་པ། ཁྱད་ལྡན་ཚོང་རྟགས་གསར་སྐྲུན་བྱེད་པ་སོགས་ཁྱད་ལྡན་ཐོན་ལས་གསར་སྤེལ་ཐད་ཤུགས་སྣོན་ནས་འབྱོར་ཕྱུག་ལྡན་པའི་ཁུལ་གསར་སྐྲུན་བྱེད་པའི་གོམས་ཁ་ཇེ་མགྱོགས་སུ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག