མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ཀྱིས་ལྗང་མདོག་གསར་པ་བསྣན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-08-21 11:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་8ཚེས་11ཉིན་གྱི་སྔ་དྲོར།སྟོན་ཆར་ཟིམ་ཟིམ་དུ་འབབ་བཞིན་ཡོད་ཀྱང་རང་ཁུལ་གྱི་ལས་བྱེད་ལས་བཟོའི་འོས་འགན་སྡོང་འཛུགས་ཀྱི་སྤྲོ་སེམས་ལ་ཤུགས་རྐྱེན་སྤུ་ཙམ་ཡང་ཐེབས་མེད།གྲོང་མཁར་ནང་ལོགས་ལས་ཁུངས་ཀྱི་འོས་འགན་ཤིང་འཛུགས་རྟེན་གཞི་སྟེ་སྲམ་སྣ་ཆུ་མཛོད་མཐའ་སྐོར་དུ་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་མངོན་ཡོད་དེ།ག་ས་ག་ལ་སྡོང་འཛུགས་པར་བྲེལ་བཞིན་པའི་མི་ལས་མཐོང་རྒྱུ་མི་འདུག ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅི་དབྱིན་པའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཧོང་ཀྲེང་ཧུང་།ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཚང་ཀོང་།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཏུའུ་ཡུང་ཁྲུན་སོགས་རང་ཁུལ་གྱི་འགོ་ཁྲིད་དང་ཁུལ་ཐད་གཏོགས་ལས་ཁུངས་12ནས་ཡོང་བའི་ལས་བྱེད་ལས་བཟོ་300ལྷག་ཐེངས་འདིའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་ནས།དངོས་སུ་ཁྱིམ་གཞིས་ལྗང་སྒྱུར་དང་ཁོར་ཡུག་མཛེས་སྒྱུར་བྱས་ཏེ།ལག་ལེན་དངོས་ཀྱི་ཐོག་ནས་སེམས་ཀྱི་ཉི་ཟླའི་ས་གཞི་ཆེན་མོར་ལྗང་མདོག་གསར་པ་བསྣན་པ་རེད།

ཉིན་དེའི་སྔ་དྲོའི་ཆུ་ཚོད་8དང་སྐར་མ་30ཡི་སྔོན་དུ།སྡོང་འཛུགས་ལ་ཞུགས་པའི་ལས་བྱེད་ལས་བཟོ་ཚོ་གཅིག་རྗེས་གཉིས་མཐུད་ངང་སྡོང་འཛུགས་ས་ཁོངས་སུ་འབྱོར་ཞིང་།སྤྲོ་སེམས་རྒྱས་པའི་ངང་འཇོར་འཕྱར་ནས་གཏན་འཁེལ་གྱི་ས་ཆར་སྡོང་ཕྲུག་འཛུགས་སའི་ས་དོང་རྐོ་འགོ་ཚུགས་ཏེ་བྲེལ་འཚུབ་ཆེ་བའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་ཀྱིན་ཡོད།སྡོང་འཛུགས་ལས་ཡུལ་དངོས་སུ།ཆར་པ་ཟིམ་ཟིམ་འབབ་པའི་རྐྱེན་གྱིས་མི་མང་པོའི་གོས་རློན་པར་གྱུར་བ་དང་།དོར་སྒབ་དང་ལྷམ་ཐོག་ལ་འདམ་བག་གང་མང་འབྱར་ཡོད་མོད།འོན་ཀྱང་ལྷན་རྒྱས་ཀྱི་འོས་འགན་སྡོང་འཛུགས་ལ་ཞུགས་པའི་སྤྲོ་སེམས་དེ་ཉམས་མེད་སྟབས། འགའ་རེས་ལྕགས་ཁྱེམ་གྱིས་ས་སྣོན་པ་དང་འགའ་རེས་སྡོང་ཕྲུག་གི་མཐའ་སྐོར་དུ་ས་སྣོན་པ།འགའ་རེས་ཆུ་ལེན་ནས་སྡོང་ཕྲུག་ལ་ཆུ་ལྡུག་པ་སོགས་བྱེད་དེ།ག་ས་ག་ལ་བྲེལ་འཚུབ་ཆེ་བའི་སྣང་ཚུལ་ཞིག་མངོན་འདུག དུས་ཡུན་ཆུ་ཚོད་2མ་ལོན་པར།གསར་དུ་བཙུགས་པའི་སྡོང་ཕྲུག་1000ལྷག་སྲམ་སྣ་ཆུ་མཛོད་ཀྱི་མཐའ་སྐོར་དུ་ཀེ་རེར་ལངས་བཞིན་ཡོད་དེ།སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་རྒྱས་པའི་རྣམ་པ་ཞིག་མངོན་ཡོད།

ཁུལ་ཨུའི་གཞུང་ལས་ཁང་ནས་ཡོང་བའི་ཧོ་ཞུའེ་ཐའོ་ཡིས་དེ་རིང་གི་སྡོང་འཛུགས་ནི་ཆར་པའི་ཁྲོད་དུ་བྱེད་ཀྱང་དོན་སྙིང་ཆེན་མོ་ལྡན།ཉེ་བའི་ལོ་འགའི་རིང་ལ།སེམས་ཀྱི་ཉི་ཟླ་རྫོང་མཁར་ཉེ་འཁོར་གྱི་རི་བོ་སྟེ་གྱང་མཁར་རི་བོ་དང་ལྷ་མཁར་རི་བོ།ནགས་ལྕོག་རི་བོ།སེམས་ཀྱི་ཉི་ཟླའི་སློབ་འབྲིང་དང་པོའི་རྒྱབ་རི་སོགས་ནི་ལྗང་མདོག་ཏུ་གྱུར་ཡོད།ད་ལོའི་རེས་མོས་འཁོར་ཐེངས་གསར་པའི་སྡོང་འཛུགས་བྱེད་སྒོ་ཡིས་དུས་ཡུན་མི་རིང་བའི་མ་འོངས་པར།སྲམ་སྣ་ཆུ་མཛོད་ཀྱི་མཐའ་སྐོར་ནི་ལྗོན་པའི་བསིལ་གྲིབ་ཀྱིས་གཡོགས་པའི་ནགས་ཚལ་དུ་འགྱུར་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།སྤུས་འབོར་འདང་བའི་ངང་ནས་ལོ་འཁོར་འདིའི་གྲོང་མཁར་ནང་ལོགས་ལས་ཁུངས་ཀྱི་འོས་འགན་སྡོང་འཛུགས་ལས་འགན་ལེགས་འགྲུབ་བྱུང་བར་ཁག་ཐེག་བྱེད་ཆེད།སེམས་ཀྱི་ཉི་ཟླ་རྫོང་ནགས་ལས་ཅུས་ཀྱིས་ཆེད་དམིགས་སུ་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་ལས་ཡུལ་དངོས་སུ་བརྟག་དཔྱད་བྱས་པ་དང་།ཚན་རིག་དང་མཐུན་པའི་ངང་ནས་འཆར་འགོད་བྱས་ཤིང་།2014ལོ་ནས་2018ལོའི་བར་གྱི་གྲོང་མཁར་ནང་ལོགས་ལས་ཁུངས་ཀྱི་འོས་འགན་སྡོང་འཛུགས་ལས་ཀའི་ལག་བསྟར་བྱ་ཐབས་གཏན་འབེབས་བྱས།སེམས་ཀྱི་ཉི་ཟླ་རྫོང་མཁར་ནང་ལོགས་ཀྱི་སྡེ་ཚན་སོ་སོའི་ཁྲིམས་བཀོད་འོས་འགན་མི་གྲངས་ཞིབ་དཔྱད་བྱས་པའི་རྨང་གཞིའི་ཐོག སྡེ་ཚན་སོ་སོའི་འོས་འགན་སྡོང་འཛུགས་ཀྱི་རྒྱ་ཁྱོན་འཆར་འགོད་བྱས་ཤིང་འོས་འགན་སྡོང་འཛུགས་ལམ་ལུགས་བཟོས་ཏེ།རྒྱ་ཁྱོན་དང་ལས་འགན།སྡོང་འཛུགས།དོ་དམ་སྲུང་སྐྱོང་།སྡོང་ཕྲུག་གི་གསོན་ཚད་སོགས་ཀྱི་དམིགས་ཚད་གཏན་འབེབས་བྱས་ཤིང་།སྡེ་ཚན་ཁག་དང་འགན་འཁྲིའི་གན་རྒྱ་འཇོག་པ་རེད།ཟླ7ཚེས་29ཉིན་ནས་ཟླ་8ཚེས་22ཉིན་བར་ནི་སེམས་ཀྱི་ཉི་ཟླ་རྫོང་མཁར་དུ་བཅའ་སྡོད་ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་སྡེ་ཚན་སོ་སོ་དང་།རྫོང་རིམ་པའི་ལས་ཁུངས་དང་ཁེ་ལས།བྱ་གཞག་སྡེ་ཚན།སྤྱི་ཚོགས་ཚོགས་པ།ཁེར་གཉེར་བཟོ་ཚོང་དུད་ཚང་བཅས་ཀྱི་སྲམ་སྣ་ཆུ་མཛོད་མཐའ་སྐོར་དུ་འོས་འགན་སྡོང་འཛུགས་དུས་ཚོད་ཡིན་ཞིང་།སེམས་ཀྱི་ཉི་ཟླ་རྫོང་དུ་བཅའ་སྡོད་དམག་དཔུང་སྡེ་ཚན་གྱི་འོས་འགན་སྡོང་འཛུགས་བྱ་ཡུལ་ནི་འོ་མ་མཚོའི་ཆུ་མགོའི་རི་བོ་ནས་གཟིག་ལའི་ས་རྒྱུད་བར་དུ་ཡིན།བསྡོམས་རྩིས་ལ་གཞིགས་ན།ཐེངས་འདིའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཁྱོན་བསྡོམས་སྡེ་ཚན་208ཀྱི་མི་གྲངས་7500ལྷག་ཞུགས་ཡོད།

སེམས་ཀྱི་ཉི་ཟླ་རྫོང་ནགས་ལས་ཅུས་ཀྱི་ལག་རྩལ་མི་སྣས་ངོ་སྤྲོད་བྱས་ཚུལ་ལ་གཞིགས་ན།སེམས་ཀྱི་ཉི་ཟླ་རྫོང་གི་གནམ་གཤིས་ཆ་རྐྱེན་ལ་གཞིགས་ནས།ཟླ་7པ་ནས་ཟླ་8པའི་བར་དུ་སྡོང་ཕྲུག་བཙུགས་ན།ཆར་ཆུ་འབེལ་པོ་ཡིན་ཞིང་།སྡོང་ཕྲུག་གི་གསོན་ཚད་མཐོ་བ་རེད།གཞན་ཡང་སྲམ་སྣ་ཆུ་མཛོད་ནི་སེམས་ཀྱི་ཉི་ཟླ་རྫོང་མཁར་ནང་ལོགས་ཀྱི་ཆུ་མགོ་གཙོ་བོ་ཞིག་ཡིན་གཤིས།སྐྱེ་ཁམས་ཀྱི་གོ་གནས་གལ་ཆེན་ལྡན་སྟབས།སྲམ་སྣ་ཆུ་མཛོད་ཀྱི་མཐའ་སྐོར་དུ་སྡོང་ཕྲུག་འཛུགས་པ་དེས་ཆུ་མགོ་གཙང་འགྱུར་དང་།སེམས་ཀྱི་ཉི་ཟླ་རྫོང་མཁར་གྱི་ལྗང་འགྱུར་དང་མཛེས་འགྱུར་ལ་ཆེས་གལ་ཆེའི་དོན་སྙིང་ལྡན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག