མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འཇོལ་རྫོང་གིས་ཟོག་གོང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།  2014-07-31 10:31

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་གིས་བྱ་ཐབས་གོ་ཆོད་ལ་བརྟེན་ནས་ཟོག་གོང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་སྟེ། ཁྲོར་རའི་མཁོ་སྤྲོད་དང་འཚོ་བའི་འཛད་སྤྱོད་ཚོང་ཟོག་གི་རིན་གོང་བརྟན་འཇགས་ལ་འགན་སྲུང་བྱས་པ་རེད།

གོ་རྟོགས་ལྟར་ན། ཉེ་བའི་ལོ་འགར་འཇོལ་རྫོང་གི་ཟོག་གོང་ཇེ་མཐོ་ནས་ཇེ་མཐོར་འགྲོ་ནས། ས་གནས་དེ་གའི་མང་ཚོགས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམན་པའི་མང་ཚོགས་ལ་དཀའ་ཁག་བཀལ་ཡོད།

འཇོལ་རྫོང་གིས་ཁྲོམ་རའི་མཁོ་སྤྲོད་ལ་འགན་སྲུང་བྱས་ཤིང་ཟོག་གོང་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགོ་ཁྲིད་ཚོགས་ཆུང་འཛུགས་ནས། ནན་ཏིག་གིས་ཁྲོམ་རའི་མཁོ་སྤྲོད་དང་ཟོག་གོང་བརྟན་འཇགས་ལས་ཀར་འགོ་ཁྲིད་བྱས་པ་དང་། ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་དང་། ཟོག་གོང་འཕོ་འགྱུར་གནས་ཚུལ་ལ་རྒྱུས་ལོན་དང་དབྱེ་ཞིབ་ནན་པོ་བྱས་མཐར། བྱ་ཐབས་གོ་ཆོད་ལ་བརྟེན་ནས་ཁྲོམ་རའི་མཁོ་སྤྲོད་ལ་གོ་རིམ་ལྡན་ཞིང་ཟོག་གོང་བརྟན་འཇགས་ཡོང་བར་འགན་སྲུང་བྱས་པ་རེད།

གོམ་གང་མདུན་སྤོས་ཀྱིས་ཟོག་གོང་ལ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བའི་ལས་ཀར་ཤུགས་རྒྱག་པ་དང་། ཁྲོམ་རའི་མཁོ་སྤྲོད་དང་ཟོག་གོང་གི་འཕོ་འགྱུར་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ལྷག་པར་དུ་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བའི་འབྲུ་རིགས་དང་སྣུམ། ཤ སྒོ་ང་དང་སྔོ་ཚལ་བཅས་ཀྱི་རིན་གོང་ལ་ཟླ་རེར་ལྟ་ཞིབ་ཚད་ལེན་རེ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། འབའ་ལུང་རྫོང་། སེམས་ཀྱི་ཉི་ཟླ་རྫོང་དང་ཟོག་གོང་ཆ་འཕྲིན་བརྗེ་རེས་དང་ཕན་ཚུན་དཔྱད་བསྡུར་གཏོང་སྟེ། ཁྲོམ་རའི་ཟོག་གོང་གི་གནས་ཚུལ་ལ་རྒྱུས་ལོན་འཛོལ་མེད་བྱས་ཤིང་། དུས་ཐོག་ཏུ་རྫོང་ཕྱི་ནང་གི་ཟོག་གོང་གནས་ཚུལ་ལ་དབྱེ་ཞིབ་བྱས་པ།

གོམ་གང་མདུན་སྤོས་ཀྱིས་ཁྲོམ་རའི་མཁོ་སྤྲོད་ལ་ཤུགས་རྒྱག་ནས། ནན་ཏིག་གིས་རྒྱུན་ལྡན་གྱི་འཛད་སྤྱོད་དངོས་ཟོག་སྐྱེལ་འདྲེན་ལས་ཀར་རྩ་འཛུགས་ཡག་པོ་བྱས་ཏེ། དངོས་ཟོག་གལ་ཆེ་དག་མཁོ་སྤྲོད་ཆ་སྙོམས་ཡོང་བར་ཁག་ཐེག་བྱས།

ཡོང་འབབ་དམའ་བའི་མང་ཚོགས་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། དུས་འགྱངས་མེད་པར་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚོ་བའི་གསབ་དངུལ་ཁག་མར་སྤྲོད་པ་དང་། ཞིང་གྲོང་གི་འགན་ལེན་ལྔའི་དུད་ཚང་དང་། དཀའ་ངལ་ཡོད་པའི་དུད་ཚང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཆེས་དམའི་འཚོ་བའི་འགན་སྲུང་དུད་ཚང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣའི་དངོས་ཡོད་དཀའ་ངལ་དག་ཐག་གཅོད་བྱས་པ་རེད།

དུས་བཅད་ནས་ཟོག་གོང་ལ་ཆེད་དུ་ཞིབ་བཤེར་བྱས་ནས། ཁྲིམས་འགལ་དང་ལུགས་མིན་གྱི་བྱ་སྤྱོད་ཁག་ལ་རྡུང་རྡེག་དྲག་པོ་བྱས་ཏེ་ཁྲོམ་རའི་རྒྱུན་ལྡན་གྱི་གོ་རིམ་ལ་འགན་སྲུང་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག