ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགར། ལུས་རྩལ་རྒྱན་ཤོག་གི་སྤྱི་ཕན་མ་རྩས་ལོ་རེར་རང་ཁུལ་གྱི་ལུས་རྩལ་བྱ་གཞག་ལ་སྒོར་ཁྲི1000ལྷག་རོགས་སྐྱོར་བྱས་པ་དང་། ཁུལ་ཡོངས་ཀྱི་ལུས་རྩལ་སྒྲིག་ཆས60%ལྷག་ལ་ལུས་རྩལ་རྒྱན་ཤོག་གིས་རོགས་སྐྱོར་བྱས།
ཤེས་གསལ་ལྟར་ན། ཉེ་བའི་ལོ་གསུམ་རིང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་སྔ་རྗེས་སུ་ལུས་རྩལ་རྒྱན་ཤོག་གི་སྤྱི་ཕན་མ་དངུལ་སྒོར་ཁྲི3400སྤྱད་ནས། སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ལྟེ་གནས་ཕྱོགས་བསྡུས་ལུས་རྩལ་ཐང་དང་། ཕྱོགས་བསྡུས་ལུས་རྩལ་ཁང་། ཕྱོགས་བསྡུས་སྦྱོང་བརྡར་ཁང་། ཝང་ཆིའུ་རྒྱག་ས། རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་བའི་སྦྱོང་བརྡར་རྟེན་གཞི་བཅས་ཁུལ་རིམ་པའི་ལུས་རྩལ་སྒྲིག་ཆས་འཛུགས་བསྐྲུན་བྱསཡོད་པ་དང་། སེམས་ཀྱི་ཉི་ཟླའི་དམངས་ཡོངས་ཀྱི་ལུས་སྦྱོང་ལྟེ་གནས་དང་། འཇོལ་རྫོང་གི་ཕྱོགས་བསྡུས་ལུས་རྩལ་ཁང་། འབའ་ལུང་རྫོང་ཕྱོགས་བསྡུས་ལུས་རྩལ་ཁང་བཅས་རྫོང་རིམ་པའི་ལུས་རྩལ་སྒྲིག་ཆས་འཛུགས་བསྐྲུན་བྱས་ཡོད་ཅིང་། ལུས་རྩལ་རྒྱན་ཤོག་གིས་ད་དུང་རང་ཁུལ་ལ་རོགས་སྐྱོར་བྱས་ནས་ཞིང་གྲོང་གི་གློག་ལྡན་སྤོ་ལོ་རྩེད་ར18དང་། ཞིང་གྲོང་གི་ཚད་ལྡན་སྤོ་ལོ་རྩེད་ར168འཛུགས་བསྐྲུན་བྱས་ཡོད།
ལུས་རྩལ་རྒྱན་ཤོག་གིས་རོགས་སྐྱོར་བྱས་འོག རང་ཁུལ་གྱིས་སྔ་རྗེས་སུ་ཟླ་བ8པའི་ཚེས8ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་འགུལ་དང་། ལོ་གསར་སྐབས་ཀྱི་མི་ཁྲི་ཚོའི་རྒྱུག་འགྲན་བྱ་འགུལ། མཐོ་སྒང་བུམ་པའི་རྐང་རྩེད་སྤོ་ལོ་འགྲན་བསྡུར། སློབ་ཆུང་སློབ་མའི་རྐང་རྩེད་སྤོ་ལོ་འགྲན་བསྡུར། ཤམ་བྷ་ལ་བུམ་པ་དང་། ཁ་བ་དཀར་པོ་བུམ་པ། གཙང་གསུམ་བུམ་པའི་ལན་ཆིའུ་འགྲན་བསྡུར་རྩ་འཛུགས་བྱས་ཡོད། སྤྱི་ཚོགས་ཀྱི་ལུས་རྩལ་མཛུབ་སྟོན་པ་ཚོ་ཞིག་གསོ་སྦྱོང་བྱས་པ་དང་། ལུས་རྩལ་རྣམ་གྲངས་ཁག་གི་སྤྲོ་སྐྱིད་ཁང་དང་། ལུས་རྩལ་མཐུན་ཚོགས་སོགས་ལུས་རྩལ་བྱ་འགུལ་གྱི་རྩ་འཛུགས་དུ་མ་འཛུགས་ཡོད་པ་རེད། །