མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འཇོལ་རྫོང་གིས་ཞིང་གསུམ་ལས་ཀར་ཤུགས་སྣོན་རྒྱག་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།  2014-07-25 11:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་གིས་སྲོལ་རྒྱུན་ཞིང་ལས་འཕེལ་རྒྱས་ལ་ཤུགས་རྒྱག་ནས། ཧུར་ཐག་གིས་ཞིང་ལས་ཀྱི་སྣེ་ཁྲིད་ཁེ་ལས་ལ་རོགས་སྐྱོར་དང་ནང་འདྲེན་བྱས་པ་དང་། ཞིང་ལས་ཀྱི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་ཕྱིན་པར་སྐུལ་སྤེལ་བཏང་ཞིང་། དངོས་ཟོག་འགྲོ་རྒྱུག་གི་རྨང་གཞིའི་སྒྲིག་ཆས་འཛུགས་བསྐྲུན་བྱེད་པ་བཅས་ལ་བརྟེན་ནས། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་གཉིས་ནས་འཕེལ་རྒྱས་ཕྱིན་པར་འབད་བརྩོན་བྱས།

མུ་མཐུད་དུ་ནས་ཀྱིས་གཙོས་པའི་སྲོལ་རྒྱུན་ཞིང་ལས་འཕེལ་རྒྱས་གཏོང་ཡོད་དེ། གོམ་གང་མདུན་སྤོས་ཀྱིས་རྒུན་འབྲུམ་དང་། སྟར་ཀ སྣུམ་ལྡན་སྐྱུ་རུ། སྨན་རྩྭ། རྡོ་ཐ། མག་ཁ་བཅས་ཀྱི་འདེབས་འཛུགས་རྟེན་གཞི་འཛུགས་བསྐྲུན་བྱས་ཤིང་སྲ་བརྟན་དུ་བཏང་བ་དང་། ཤུགས་རྒྱག་ནས་རོང་ཁུལ་དང་། རི་མ་ཀླུང་། མཐོ་གྲང་ས་རྒྱུད་བཅས་སུ་ཁྱད་ཆོས་འབུར་དུ་ཐོན་པའི་ཐོན་ལས་ཁུལ་འཛུགས་གཏོད་བྱས་པ། ཧུར་ཐག་གིས་སྣེ་ཁྲིད་ཁེ་ལས་ནང་འདྲེན་བྱས་ཤིང་རོགས་སྐྱོར་བྱས་ཏེ། མུ་མཐུད་དུ་སྨི་ཡུའེ་ཞོན་ཉི་ཧྲི་སེམས་ཀྱི་ཉི་ཟླ(འཇོལ་རྫོང)ཆང་གཞིས་དང་། ཧྲན་ཏུང་ཕེང་ལའེ་ཆང་གཞིས་ཀྱི་ཡ་ལན་རྒུན་འབྲུམ་གླིང་དང་གངས་ལྗོངས་ཞིང་རའི་སྐྱེ་དངོས་རྫས་འགྱུར་ཚད་ཡོད་ཀུང་སིའི་སྣུམ་ལྡན་སྐྱུ་རུའི་ཐོན་སྐྱེད་རྣམ་གྲངས་འཛུགས་བསྐྲུན་བཅས་ལ་ཤུགས་རྒྱག་པ་དང་། ད་ཡོད་ཀྱི་ཞིང་ལས་ཀྱི་སྣེ་ཁྲིད་ཁེ་ལས་ལ་འཕེལ་རྒྱས་ཀྱི་ལམ་བུ་གཏོད་ནས། འདེབས་འཛུགས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང12%ཡར་འཕར་ནས་སྒོར་དུང་ཕྱུར1.14སླེབས་པར་བརྩོན་ལེན་བྱས། གསོ་སྤེལ་ར་བ5གསར་སྣོན་བྱས་ནས་གཡག་དང་བོད་ཕག་བཅས་ཁྱད་ལྡན་གསོ་སྤེལ་ལས་རིགས་ལ་ཤུགས་རྒྱག་སྟེ། ལག་ཡོད་ཕྱུགས་གྲངས་ན་ནིང་ལོའི་གྲངས་ཚད་དང་མཉམ་ཞིང་། བཤས་ཁུངས་སུ་གཏོང་འབོར་དངོས་གསལ་ཡར་ཐོན་བྱུང་སྟེ། ཕྱུགས་ཤ་སྤྱིའི་ཐོན་ཚད་ཏུན2921ལ་ཟིན་ནས། ན་ནིང་དང་བསྡུར་ན་24%ཡར་འཕར་བ་རེད།

ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འཕེལ་རྒྱས་ལས་ཀ་གཏིང་ཟབ་ཏུ་སྤེལ་ཏེ། ཁྱིམ་ཚང་གི་ཞིང་ར་དང་། ཆེད་ལས་དུད་ཆེན། ཞིང་པའི་མཉམ་ལས་ཁང་། ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་བཅས་འཛུགས་པར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱས་པའི་དུས་མཚུངས་སུ། ཧུར་ཐག་གིས་ཆེད་ལས་མཉམ་ལས་རྩ་འཛུགས་དང་། སྣེ་ཁྲིད་ཁེ་ལས་ཀྱིས་མ་རྐང་མཉམ་ལས་བྱ་ཐབས་ལ་བརྟེན་ནས། ཞིང་པ་དང་ཁེ་ཕམ་མཉམ་མྱོང་བྱེད་པའི་ལམ་ལུགས་ཆགས་པར་སྣེ་ཁྲིད་བྱས་པ།

ཚོང་ཟོག་འགྲོ་རྒྱུག་གི་རྨང་གཞིའི་སྒྲིག་ཆས་འཛུགས་བསྐྲུན་བྱེད་པར་ཤུགས་རྒྱག་ནས་ཞིང་ལས་ཐོན་རྫས་ཐོན་ཡུལ་གྱི་ཁྲོམ་ར་རྨང་གཞིར་བཞག་ཐོག ཞིང་ལས་ཐོན་རྫས་ཀྱི་སྡེབ་ཚོང་ཚོང་རས་གཙོས་ཤིང་། དངོས་ཟོག་སྡེབ་སྐྱེལ་ཁེ་ལས་བཅས་ཀྱིས་གྲུབ་པའི་ཞིང་ལས་ཐོན་རྫས་ཀྱི་ཁྲོམ་རའི་འགྲོ་རྒྱུག་དྲ་བ་འཛུགས་ནས། སྒོ་འབྱེད་པ་དང་། གཅིག་འགྱུར་ཅན། འགྲན་རྩོད་གོ་རིམ་ལྡན་པའི་ཁྲོམ་རའི་མ་ལག་ཆགས་པར་ཤུགས་རྒྱག་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག