མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

མི་རིགས་སྐད་ཡིག་སློབ་གསོའི་ལས་འགན་ཆེ་ལ་ལམ་ཐག་རིང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-04-14 09:17

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གྲངས་ཉུང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་ཀྱི་གལ་ཆེའི་རང་བཞིན་བགྲོ་གླེང་བྱེད་པའི་སྐབས་སུ་ཨུ་ཡོན་ཀྲང་གོ་ཧྭས་ཉེ་བའི་ལོ་འགའི་རིང་ལ། ས་ཆ་མང་ཤོས་ཀྱི་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལ་ཕྱི་རོལ་རིག་གནས་ཀྱི་ཤན་ཞུགས་ཐེབས་ཡོད་ལ། རིམ་བཞིན་རིག་གནས་ཉམས་པའི་ཉེན་ཁར་ཐུག་ཡོད་པ་རེད་ཅེས་ཐད་ཀར་བརྗོད་བྱ་གཙོ་བོར་གླེང་བ་རེད། ཁོས་ཡུན་ནན་གྱི“མི་རིགས་རིག་གནས་ཤུགས་ཆེའི་ཞིང་ཆེན་འཛུགས་སྐྲུན”དང་བདེ་ཆེན་གྱི“རིག་གནས་ལ་བརྟེན་ནས་ཁུལ་སྤེལ་བའི”འཐབ་ཇུས་ལག་བསྟར་བྱེད་པ་དང་བསྟུན་ནས། མི་རིགས་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོང་ལས་ཀར་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་བྱས་པ། རང་ཁུལ་ནི་མི་རིགས་མང་པོ་འདུས་སྡོད་བྱས་པའི་ས་ཁུལ་ཞིག་ཡིན་ལ། བོད་རིགས་དང་ལི་སུའུ་རིགས། འཇང་རིགས། དབྱིས་རིགས་སོགས་ལ་མཚོན་ན་རང་མི་རིགས་ཀྱི་སྐད་དང་ཡི་གེ་ཡོད་པ་རེད། འོན་ཀྱང་རང་མི་རིགས་ཀྱི་སྐད་དང་ཡི་གེ་གཉིས་ཤེས་པའི་མི་ཧ་ཅང་ཉུང་། བོད་རིགས་ལ་དཔེ་བཞག་ན། ང་ཚོ་ཆུང་དུས་སུ་བྱིས་པ་ཆུང་ཆུང་ཚང་མས་བོད་སྐད་བཤད་རྒྱུར་ཐོགས་རྒྱུ་མེད། ད་ལྟ་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས། རྒྱ་སྐད་ཕྱོགས་ཡོངས་སུ་ཁྱབ་ལ། བྱིས་པ་མང་པོས་བརྙན་འཕྲིན་དང་གློག་ཀླད་སོགས་སྨྱན་བྱད་གསར་བའི་ཤུགས་རྐྱེན་འོག སྔ་མོ་ནས་རྒྱ་ཡིག་ལ་འབྲེལ་གཏུག་བྱས་པས་རང་མི་རིགས་ཀྱི་སྐད་དང་ཡི་གེ་སྣང་མེད་དུ་བཞག་པ་རེད། ངའི་ཚ་མོ་ནི་དཔེ་མཚོན་ཞིག་ཡིན་ཏེ། ཁྱིམ་མིས་བཤད་པའི་བོད་སྐད་མོས་ཕལ་ཆེར་ཧ་གོ་དཀའ་འདུག་ཅེས་ཨུ་ཡོན་ཀྲང་གོ་ཧྭས་སེམས་ཁྲལ་ངང་བཤད་པ་རེད།

ཨུ་ཡོན་ཀྲང་གོ་ཧྭས་བདེ་ཆེན་ཁུལ་ནི་བོད་རིགས་རང་སྐྱོང་ཁུལ་ཡིན་ལ། བོད་ཡིག་སློབ་ཁྲིད་བྱེད་པའི་སློབ་གྲྭ་ཡང་ཡོད་དེ། དཔེར་ན་བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་ནི་བོད་ཡིག་སློབ་ཁྲིད་ཀྱིས་གཙོ་བྱེད་པའི་སློབ་གྲྭ་ཞིག་ཡིན་ལ། ད་དུང་བདེ་ཆེན་ཁུལ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ་དང་ འཇོལ་རྫོང་སློབ་འབྲིང་དང་པོ། དེ་མིན་རི་ཁུལ་གྱི་སློབ་ཆུང་འགའ་ཤས་སུའང་བོད་ཡིག་གི་སློབ་ཁྲིད་བཀོད་སྒྲིག་བྱས་ཡོད་པ་རེད། འོན་ཀྱང་ཚད་ངེས་ཅན་ཞིག་ནས་འདི་དག་ཕལ་ཆེར་ཕྱི་ཚུལ་གྱི་སློབ་གསོ་ཞིག་ཏུ་གྱུར་ཡོད་པ་རེད། སློབ་མ་མང་ཆེ་ཤོས་ད་ལྟ་བོད་ཡིག་གི་ཆེས་རྨང་གཞིའི་ཤེས་བྱ་སྟེ་ཀ་ཁ་ཡང་འབྲི་མི་ཤེས་པ་རེད། བྱ་ཐབས་འདི་དག་བོད་ཡིག་སློབ་པར་རོགས་ཅུང་ཙམ་ཡང་ཐེབས་མེད་ཟེར།

གནས་ཚུལ་འདི་དག་ལ་དམིགས་ནས། ཁོས་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་ལ་གཙིགས་ཆེན་བྱེད་པར་ཤུགས་སྣོན་དགོས་པ་དང་དོན་དངོས་ཐོག་རང་མི་རིགས་ཀྱི་སྐད་དང་ཡི་གེ་རྒྱུན་འཛིན་བྱེད་དགོས་པའི་གྲོས་གཞི་བཏོན་ལ། མེས་པོས་བཞག་པའི་རིན་ཐང་གཞལ་མེད་ཀྱི་རིག་གནས་དག་ང་ཚོའི་ལག་ཏུ་ཉམས་སུ་འཇུག་ག་ལ་རུང་ཞེས་བཤད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག