མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་བོད་ཤིང་ཕོ་རྟ་ལོའི་ལོ་གསར་བསུ་བའི་ཇ་སྟོན་ཚོགས་འདུ་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-03-05 10:43

ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་དང་ལས་རིགས་ཁག་གིས་འཐུས་མིས་བོད་ཀྱི་ལོ་གསར་རོལ་བ།

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས27ཉིན་གྱི་ཕྱི་དྲོ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དུ2014ལོའི་བོད་ཤིང་ཕོ་རྟ་ལོའི་ལོ་གསར་བསུ་བའི་ཇ་སྟོན་ཚོགས་འདུ་འཚོགས་པ།ཁུལ་ཡོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མི་དག་ལུས་ལ་གཟབ་ཆས་གྱོན་པ་དང་དགའ་སྤྲོའི་མཉམ་འཛོམས་ཀྱིས་བོད་ཤིང་ཕོ་རྟ་ལོའི་ལོ་གསར་བསུས་པ་རེད།

    བླ་མ་སྐྱེས་ཆེན་རྣམས་ཀྱི་ཆོས་སྒྲ་དང་འཐུས་ཚབ་མང་ཚོགས་རྣམས་ཀྱི་གསོལ་འདེབས་འོག་ཇ་སྟོན་ཚོགས་འདུའི་འགོ་བརྩམས་ལ།བོད་ཤིང་ཕོ་རྟ་ལོར་བདེ་ཆེན་ཁུལ་གྱི་རིགས་སོ་སོའི་མི་དམངས་མང་ཚོགས་ལ་མི་ལ་ན་ཚ་མེད་པ་དང་ཕྱུགས་ལ་གོད་ཁ་མེད་པ།སྟོབས་འབྱོར་མངལ་ཐང་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་རེད།

    ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཏེང་ལིའང་གིས་ཁུལ་ཨུ་དང་།ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་མི་དམངས་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་བྱས་ནས་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་དང་མི་རིགས་སོ་སོའི་ལས་བྱེད་མི་སྣ།ལས་རིགས་སོ་སོའི་མི་སྣ། བདེ་ཆེན་དུ་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་མིའི་དཔོན་དམག་དང་བཀོད་འདོམས་མི་སྣ།དྲག་པོའི་ཉེན་རྟོག་པ། སྤྱི་བདེ་དམག་མི། ལས་འཁྱུར་ངལ་གསོའི་ལས་བྱེད་པ་སོགས་དང་། དེ་མིན་རང་ཁུལ་གྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་གྲོགས་པོ་རྣམས་ལ་ལྷག་བསམ་དཀར་པོའི་ངང་དུས་ཆེན་གྱི་འཚམས་འདྲི་དང་བཀྲ་ཤིས་པའི་སྨོན་འདུན་ཞུས་པ་རེད།

    ཀྲང་ཏེང་ལིའང་གིས་འདས་ཟིན་པའི་ན་ནིང་ནི་རང་ཁུལ་གྱིས་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དོན་ཏུ་འཁྱོལ་འགོ་བརྩམས་པའི་ལོ་ཡིན་ལ།ཞིང་ཨུའི་འགོ་ཁྲིད་འོག ཁུལ་ཨུས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ལེགས་པོ་བྱས་ནས།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས་གང་ལེགས་བྱས་པ་དང་།ཤུགས་ཆེན་གྱིས་སྐབས་བཅོ་བརྒྱད་པའི་དགོངས་དོན་གྱིས་བསམ་པར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན།ལས་ཀར་སྐུལ་འདེད་བྱས་པ། ཤུགས་ཆེན་གྱིས་ཀྲུང་དབྱང་དང་ཞིང་ཨུའི་དགོངས་དོན་དང་བདེ་ཆེན་གྱི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས།ཕྱོགས་ཡོངས་ཀྱིས་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྤེལ། རིག་གནས་འཛུགས་སྤེལ།སྤྱི་ཚོགས་འཛུགས་སྤེལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་དང་། ཏང་གི་འཛུགས་སྤེལ་ཏེ་རླབས་ཆེ་བའི་ལས་གྲྭ་གསར་བར་སྐུལ་འདེད་བྱས་ནས།ཏང་འཛུགས་ལས་ཀ་སོ་སོར་ཡར་རྒྱས་གོང་འཕེལ་བྱུང་ཡོད་ཅེས་བསྟན་པ་རེད།

    ཀྲང་ཏེང་ལིའང་གིས་བདེ་ཆེན་ཁུལ་གྱིས་ངེས་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་།སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གསུམ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེན་གསུང་བཤད་དགོངས་དོན་གཏིང་ཟབ་གྱིས་དོན་ཏུ་འཁྱོལ་དགོས་པ་དང་།ཏང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་འཐུས་ཚབ་གསུམ་གྱི་གལ་ཆེའི་བསམ་བློ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཀྱིས་ཁྲིད་སྟོན་བྱས་ནས།“དཔེ་སྟོན་ཁུལ”འཛུགས་སྐྲུན་གྱི་དམིགས་འབེན་དམ་པོར་བཟུང་བ་དང་།“ཁུལ་བཞིའི་འཐབ་ཇུས”གཏིང་ཟབ་གྱིས་ལག་བསྟར་བྱེད་པ།གཏན་བརླིང་ཁྲོད་ཡར་ཐོན་བྱུང་བར་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་གསར་འབྱེད་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོ་དང་གནད་འགག་སོ་སོར་ལག་ལེན་མཐར་ཕྱིན་བྱས་ནས།ཁྲོམ་རའི་སྐྱེ་སྟོབས་ལ་སྐུལ་མ་གཏོང་བ་དང་། གཞི་རྩའི་སྒྲིག་ཆས་འཛུགས་སྐྲུན་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ།མང་ཚོགས་ཀྱི་འཚོ་བར་ལེགས་བཅོས་བྱེད་པ་དང་མུ་མཐུད་དུ་བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་བ་གཏོད་ནས།ཀྲུང་གོའི་ཕུགས་འདུན་གྱི་བདེ་ཆེན་ལེ་ཚན་འབྲི་བར་ཧུར་བརྩོན་བྱེད་དགོས་ཞེས་ནན་གྱིས་བསྟན།

    ཇ་སྟོན་འཚོགས་འདུའི་ཐོག དར་དཀར་གྱི་ཁ་གཏགས་དང་ཞིམ་མངར་གྱི་བདུད་རྩི། དགའ་བའི་གླུ་དང་སྐྱིད་པའི་གར་སོགས་འཁྲབ་ནས་ལོ་གསར་བསུས་པ་རེད།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཧོང་ཀྲེང་ཧུང་གིས་ཇ་སྟོན་ཚོགས་འདུ་ཐོག་གཙོ་སྐྱོང་བྱས་པ་དང་བཀྲ་ཤིས་པའི་སྨོན་ཚིག་འབུལ་བ་རེད།ཁོང་གིས2013ལོ་ནི་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་ཏེ། རྒྱལ་ནང་དཔལ་འབྱོར་གྱི་འཕེལ་ཤུགས་ཉམས་པའི་གནོན་ཤུགས་དང་།“8·28”དང“ 8·31” གི་ས་འགུལ་སོགས་རང་བྱུང་གནོད་འཚེའི་འོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ།ཞིང་ཆེན་སྲིད་གྲོས་སོགས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་མཐུན་སྒྲིལ་དང་སྣེ་ཁྲིད་ལེགས་པོ་བྱས་ནས། དཀའ་སྤྱད་འབད་བརྩོན་གྱིས་དཀའ་ངལ་སེལ་བ་དང་། ཡོམ་འགོག་རྒུད་སྐྱོབ་ཁྲོད་རྒྱལ་ཁ་བླངས་པ་དང་།ཁུལ་ཡོངས་དཔལ་འབྱོར་བདེ་ཐང་དང་མགྱོགས་མྱུར་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་དང་བརྟན་བརླིང་མངོན་འགྱུར་བྱུང་བ་རེད།2014ལོ་ནི་གོ་སྐབས་བཟང་པོ་དང་རེ་བས་ཁེངས་པའི་ལོ་གསར་བ་ཞིག་ཡིན་པས།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་མཐུན་སྒྲིལ་དང་སྣེ་ཁྲིད་ལེགས་པོ་བྱས་ནས།ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཞིང་ཨུའི་སྐབས་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ།ཁུལ་ཨུའི་སྐབས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་ཏེ།གོ་སྐབས་དམ་འཛིན་དང་དཀའ་བ་ཁྱད་སད་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་དེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་།འཆམ་མཐུན་ངང་འཕེལ་རྒྱས། མཆོང་བརྒལ་གྱིས་འཕེལ་རྒྱས་བྱུང་བར་སྐུལ་འདེད་བྱས་ནས། རྒྱལ་ཡོངས་དང་ཞིང་ཆེན་གྱི་གོམ་འགྲོས་ལྟར་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པ་དང་རྒྱལ་ཡོངས་བོད་ཁུལ་གྱི་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་དཔེ་སྟོན་ས་ཁུལ་འཛུགས་པར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་བཤད་གནང་བ་རེད།

    མ་ཝུན་ལུང་དང་ལི་ཚན་ཀོང་།ཏུའུ་ཡུང་ཁྲུན། ལུའུ་ཡུང་མིང་། ཀྲང་ཀྲི་ཅུན། ནོར་བུ་གཡང་འཛོམ། ལིའུ་ཅ་ཞུན།ཆི་ཅན་ཞིན། ལི་ཞུས་ཀོང་། ཧོ་ཧྲི་ཚུང་། དབྱང་ཧྥེང་ཞི། ཝང་ཐེན་ཞི། ཧོ་ཀྲེན་ཏུང་། དབྱང་ཀྲེང་དབྱི།དབྱང་ཝུན་ཞང་། ཞའོ་ཐུབ་བསྟན། བཀྲ་ཤིས་དོན་འགྲུབ། ལི་ཧྲི་ཆིན། དབྱི་ཧྲུའུ་ལིན། ཚའོ་རུའུ་ཀྲུང་།མ་ཝུའུ་སང་། ཐན་མིང་ཀྲུང་། དབྱང་ཙི་ཅང་སོགས་རང་ཁུལ་གྱི་འགོ་ཁྲིད་དང་ལས་འཁྱུར་ངལ་གསོའི་འགོ་ཁྲིད་བསོད་ནམས་རྒྱལ་མཚན་དང་།ཏེང་ལེའང་ཚའེ། ཚེ་རིང་སྒྲོལ་མ། ལིའུ་ཆོན། ཨ་ཆེན་སོགས་ཇ་སྟོན་ཚོགས་འདུར་ཞུགས་ཡོད་རེད།

    རང་ཁུལ་གྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་དང་།བོད་རིགས་མང་ཚོགས་ཀྱི་འཐུས་ཚབ། བཅའ་སྡོད་དམག་དཔུང་གི་འཐུས་ཚབ། ཁུལ་རིམ་པའི་ལས་ཁུངས་དང་ཁེ་ལས་ཀྱི་འཐུས་ཚབ།ཞིང་གཏོགས་ཁུལ་སྡོད་ལས་ཁུངས་ཀྱི་འཐུས་ཚབ་དང་མང་ཚོགས་ཀྱི་འཐུས་ཚབ་དག་ཐེངས་འདིའི་ཇ་སྟོན་ཚོགས་འདུར་ཞུགས་ཡོད་པ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག