
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས27ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཁུལ་དཔོན་ཧོང་ཀྲུན་ཧོན་སྔ་གཞུག་ཏུ་སེམས་ཀྱི་ཉི་ཟླ་རྫོང་དང་རྡོ་མཁར་གནའ་རྫོང་གི་མེ་སྐྱོན་གནོད་ཐེབས་ཡུལ་དངོས། བདེ་ཆེན་རྫོང་སྤངས་རྩི་རོང་གྲོང་རྡལ་སོགས་ལ་སོང་ནས་གནོད་ཐེབས་མང་ཚོགས་དང་ཏང་ཡོན་རྒན་པ། དབུལ་ཕོངས་ཁྱིམ་ཚང་། གནས་སྤོར་མང་ཚོགས་འཚམས་འདྲི་བྱས། ཧོང་ཀྲུན་ཧོན་གིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་མི་སྣ་དང་། ནང་སྒོས་སུ་གནོད་ཐེབས་ས་ཁུལ་གྱི་རྒྱ་ཆེ་བའི་ལས་བྱེད་པས་ལྷག་བསམ་རྣམ་དག་སྒོས་དུས་ཐོག་ཏུ་ཏང་དང་རྒྱལ་ཁབ་ཀྱི་དྲོད་འཁོལ་གནོད་ཐེབས་མང་ཚོགས་ཁྲོད་དུ་བསྐྱལ་དགོས་པ་དང་། དོན་དངོས་སུ་ཁོ་ཚོའི་འཚོ་བའི་ཁྲོད་ཀྱི་དཀའ་ཁག་དང་གནད་དོན་ཐག་གཅོད་བྱས་ནས། གནོད་ཐེབས་མང་ཚོགས་རྣམས་བདེ་ཞིང་སྐྱིད་པའི་གནམ་ལོ་གསར་བ་རོལ་བར་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན། །