མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ལོ་ངོ་སྟོང་གི་གནའ་གྲོང་ལ་མེ་སྐྱོན་བྱུང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-13 10:22


ཡུན་ནན་ཞིང་ཆེན་གྱི་འགོ་འཛིན་ལི་ཅི་ཧེང་གིས་རྡོ་མཁར་རྫོང་དུ་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་ཞུ་བཞིན་པ། (ཧོ་ཆི་ཀོང་གིས་པར་བླངས།)

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་11ཉིན་གྱི་ཆུ་ཚོད་1དང་སྐར་མ་37གྱི་ཐོག ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་སེམས་ཀྱི་ཉི་ཟླ་རྡོ་མཁར་རྫོང་ལ་མེ་སྐྱོན་ཚབས་ཆེན་བྱུང་བ་རེད། ཆུ་ཚོད13དང་སྐར་མ15ཡི་ཐོག ཡུན་ནནཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆིན་ཀོང་རོང་གིས་མངག་བཅོལ་བྱས་པ་ལྟར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཞིང་ཆེན་གྱི་འགོ་འཛིན་ལི་ཅི་ཧེང་གིས་ཞིང་ཆེན་སྲིད་གཞུང་གི་ལས་བྱེད་རུ་ཁག་འཁྲིད་ནས་སེམས་ཀྱི་ཉི་ཟླ་རྫོང་གི་“1. 11”མེ་སྐྱོན་སེལ་བའི་ལས་ཡུལ་དངོས་སུ་ཕེབས་ཏེ། མེ་སྐྱོན་སེལ་རོགས་བྱེད་པའི་བཅིངས་འགྲོལ་དམག་དང་མེ་གསོད་རུ་ཁག ཉེན་རྟོག་དྲག་དཔུང་། ནགས་ཚལ་ཉེན་རྟོག་དཔོན་དམག་དང་རང་ས་གནས་ཀྱི་ལས་བྱེད་སོགས་ལ་ཐུག་འཕྲད་གནང་ཞིང་། མེ་སྐྱོན་མྱུར་སེལ་ལས་ཀར་ལྟ་ཞིབ་དང་མཛུབ་སྟོན་བྱས་པ་རེད།


སེམས་ཀྱི་ཉི་ཟླ་རྡོ་མཁར་རྫོང་ལ་མེ་སྐྱོན་བྱུང་བ། (པད་མ་ཚེ་རིང་གིས་པར་བླངས།)

ཟླ1པོའི་ཚེས་11ཉིན་གྱི་ཞོགས་པའི་ཆུ་ཚོད་1དང་སྐར་མ་37གྱི་ཐོག བདེ་ཆེན་ཁུལ་མེ་གསོད་ཡན་ལག་རུ་ཁག་གི་119མེ་སྐྱོན་མྱུར་སེལ་ལྟེ་གནས་སུ། སེམས་ཀྱི་ཉི་ཟླ་རྡོ་མཁར་རྫོང་ལ་མེ་སྐྱོན་བྱུང་བའི་ཉེན་བརྡ་འབྱོར་བ་རེད།བདེ་ཆེན་ཁུལ་དང་སེམས་ཀྱི་ཉི་ཟླ་རྫོང་ཏང་ཨུ་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་གཙོ་བོ་དུས་ཚོད་དང་པོར་མེ་སྐྱོན་སེལ་བའི་ལས་ཡུལ་དངོས་སུ་ཞུགས་ཤིང་། གནས་སྐབས་བཀོད་འདོམས་པུའུ་བཙུགས་ནས་གཅིག་གྱུར་གྱིས་བཀོད་འདོམས་དང་མེ་སྐྱོན་སེལ་བའི་ལས་ཀར་བཀོད་སྒྲིག་བྱས་ཏེ་མེ་སྐྱོན་མྱུར་སེལ་འཆར་གཞི་ལག་བསྟར་བྱས་པ། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་། སྤྱི་བདེ། མེ་གསོད། བཅའ་སྡོད་ཉེན་རྟོག་དྲག་དཔུང་། དྲག་ཆས་ཉེན་རྟོག སྨན་ཁང་དང་རྡོ་མཁར་རྫོང་དོ་དམ་ཨུ་ཡོན་ལྷན་ཁང་། རང་ས་གནས་ཀྱི་ཡུལ་དམག་དང་མང་ཚོགས་སོགས་མི་གྲངས་2000ལྷག་དུས་ཚོད་དང་པོར་མེ་སྐྱོན་མྱུར་སེལ་ནང་ཞུགས་པ་རེད།

ཉིན་དེའི་ཞོགས་པའི་ཆུ་ཚོད་9པ་དང་་སྐར་མ་50ཐོག ཞིང་ཨུའི་ཧྲུའུ་ཅི་གཞོན་པའམ་ཞིང་ཆེན་གྱི་འགོ་འཛིན་ལི་ཅི་ཧེང་གིས་ཞིང་ཆེན་འཚུབ་བསྟུན་བཀོད་འདོམས་ལྟེ་གནས་འཚུབ་བསྟུན་རོགས་སྐྱོབ་བཀོད་འདོམས་པུའུ་ཡི་བརྙན་འཕྲིན་མ་ལག་བརྒྱུད་ནས། སེམས་ཀྱི་ཉི་ཟླ་རྡོ་མཁར་རྫོང་གི “1 .11 ”མེ་སྐྱོན་སེལ་བའི་ལས་ཀར་གལ་ཆེའི་མཛུབ་སྟོན་གནང་བ་སྟེ། གཅིག་ནི་མགྱོ གས་མྱུར་གྱིས་སྟོབས་ཤུགས་སྒྲིག་འཛུགས་བྱེད་པ་དང་མགྱོ གས་མྱུར་གྱིས་མེ་སྐྱོན་སེལ་དགོས། གཉིས་ནི་མེ་སྐྱོན་སེལ་བའི་སྐབས་སུ་བདེ་འཇགས་ལ་དོ་སྣང་བྱེད་དགོས། གསུམ་ནི་རྨས་སྐྱོན་ཐེབས་པའི་མི་སྣར་སྨན་བཅོས་ཡག་པོ་བྱེད་དགོས། བཞི་ནི་རང་ས་གནས་ཀྱི་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས། ལྔ་ནི་གླེང་ཕྱོགས་ཀྱི་སྣེ་ཁྲིད་བྱེད་རྒྱུར་དོ་སྣང་བྱེད་དགོས། དྲུག་ནི་གཅིག་གྱུར་གྱིས་བཀོད་འདོམས་བྱེད་དགོས། བདུན་ནི་ལས་རེས་ལྟ་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས།

ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་གཞོན་པ་དབྱིན་ཅན་ཡེས་མཆན་འགོད་མཛུབ་སྟོན་གནང་དོན།  བདེ་ཆེན་ཁུལ་དང་སེམས་ཀྱི་ཉི་ཟླ་རྫོང་སྲིད་གཞུང་གིས་ཚད་མཐོའི་གཙིགས་ཆེན་གནང་སྟེ།  སྟོབས་ཤུགས་རྩ་འཛུགས་དང་ནུས་པ་གང་ཡོད་བཏོན་ནས།  མགྱོགས་མྱུར་གྱིས་མེ་སྐྱོན་སེལ་དགོས་པ་དང་། སྐབས་ཐོག་ཏུ་མང་ཚོགས་བདེ་འཇགས་ཀྱི་སར་བཀྲམ་པ་དང་འོས་འཚམ་གྱིས་བཀོད་སྒྲིག་བྱས་ཏེ། ཚད་ཆེ་ས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་གྱོང་གུད་ཇེ་ཉུང་དུ་གཏོང་དགོས། ཞིང་ཆེན་མེ་གསོད་རུ་ཁག་གིས་མཛུབ་སྟོན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་སྐབས་ཐོག་ཏུ་ཉེ་འཁོར་གྱི་རྫོང་དང་གྲོང་ཁྱེར་གྱི་ཆེད་ལས་སྟོབས་ཤུགས་གཅིག་བསྡུས་བྱས་ནས་མྱུར་སྐྱོབ་ལས་ཀའི་ནང་ཞུགས་དགོས། རྩ་འཛུགས་ཡག་པོ་བྱས་ཏེ་མྱུར་སྐྱོབ་མི་སྣའི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། སྐབས་ཐོག་ཏུ་སྤྱི་ཚོགས་ལ་གནས་ཚུལ་གསལ་བསྒྲགས་བྱས་ནས། སྤྱི་ཚོགས་ཀྱི་སེམས་ཁུར་ལ་ཕྱིར་ལན་གཏོང་བ་དང་། སྤྱི་ཚོགས་གླེང་ཕྱོགས་ཀྱི་སྣེ་ཁྲིད་ནས། སྤྱི་ཚོགས་བརྟན་བརླིང་བྱུང་བར་ཁག་ཐེག་བྱེད་དགོས།

ཉིན་དེའི་ཞོགས་པའི་ཆུ་ཚོད་10དང་སྐར་མ་30ཐོག ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཏེང་ལིའང་གིས་འཕྲལ་སྒྲུབ་གྲོས་ཚོགས་བསྡུས་ནས། མེ་སྐྱོན་སེལ་བའི་ལས་ཀ་བཀོད་སྒྲིག་བྱས་ཤིང་། ཀྲང་ཏེང་ལིའང་གིས་ཚོ་ཆུང་གི་འགོ་འཛིན་བཞེས་པའི་འཚུབ་བསྟུན་འགོ་ཁྲིད་ཚོ་ཆུང་བཙུགས་པ་དང་། ཁུལ་དཔོན་ཧོང་ཀྲེང་ཧུང་གིས་མེ་སྐྱོན་འགོག་སེལ་བཀོད་འདོམས་པུའུ་ཡི་བཀོད་འདོམས་གཙོ་དཔོན་བཞེས་པའི་བཀོད་འདོམས་པུའུ་བཙུགས་པ་རེད། འཕྲལ་སྒྲུབ་གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། གཅིག་ནི་གང་མགྱོགས་ཀྱིས་མེ་སྐྱོན་བྱུང་བའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་མེ་སྐྱོན་བསྡོམས་རྩིས་བྱེད་དགོས། གཉིས་ནི་ཕན་ནུས་ལྡན་པའི་བྱ་ཐབས་སྤྱད་ནས་མེ་སྐྱོན་གྱི་འཕྲོ་ལུས་གཙང་བཤེར་རྒྱག་པ་དང་། མེ་སྐྱོན་ཐེབས་པའི་མང་ཚོགས་ལ་སེམས་གསོ་བྱེད་པ། མེ་སྐྱོན་ཐེབས་པའི་མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་བྱེད་དགོས། གསུམ་ནི་གླེང་ཕྱོགས་ཀྱི་སྣེ་ཁྲིད་ལས་ཀ་ཡག་པོ་སྒྲུབ་དགོས་པ་དང་། དོན་དངོས་ལྟར་གནོད་སྐྱོན་ཐེབས་ཚུལ་གྱི་གསར་འགྱུར་འགོད་དགོས། བཞི་ནི་མེ་སྐྱོན་བྱུང་ཡུལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་དང་། བསྐྱར་སྐྱེས་གནོད་སྐྱོན་བྱུང་བར་ནན་འགོག་བྱེད་དགོས། ལྔ་ནི་དེ་སྔའི་རྣམ་པ་ལྟར་བསྐྱར་སྐྲུན་ལས་ཀ་ཡག་པོ་སྒྲུབ་དགོས།

ཆུ་ཚོད་13པའི་སྐར་མ་15ཡི་ཐོག ལི་ཅི་ཧེང་གིས་མེ་སྐྱོན་བྱུང་ཡུལ་ལ་ཞིབ་ཕྲའི་ངང་ལྟ་ཞིབ་བྱས་པ་དང་མེ་སྐྱོན་སེལ་བའི་གནས་ཚུལ་ཤེས་རྟོགས་བྱས་ནས།མེ་སྐྱོན་སེལ་རོགས་བྱེད་པའི་བཅིངས་འགྲོལ་དམག་དང་མེ་གསོད་རུ་ཁག ཉེན་རྟོག་དྲག་དཔུང་། ནགས་ཚལ་ཉེན་རྟོག་དཔོན་དམག་དང་རང་ས་གནས་ཀྱི་ལས་བྱེད་སོགས་ལ་ཐུག་འཕྲད་བྱས་པ་རེད། ཁོང་གིས་གང་མགྱོགས་ཀྱིས་མེ་སྐྱོན་བྱུང་ཡུལ་ལ་གཙང་བཤེར་རྒྱག་དགོས་པ་དང་། མེ་སྐྱོན་ཡང་བསྐྱར་བྱུང་བར་འགོག་བཅོས་བྱེད་དགོས། ཚན་རིག་དང་མཐུན་པའི་རོགས་སྐྱོབ་བྱེད་པའི་སྐབས་སུ་བསྐྱར་སྐྱེས་གནོད་སྐྱོན་བྱུང་བར་སྔོན་འགོག་བྱེད་དགོས། གནོད་ཐེབས་མང་ཚོགས་ཀྱི་བཀོད་སྒྲིག་ལས་ཀ་ཡག་པོ་སྒྲུབ་དགོས་པ་དང་། མི་སྣ་ཤི་རྨས་ཐེབས་ཡོད་མེད་དུས་ཐོག་ཏུ་སྒྲིག་བཤེར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཆུ་ཚོད་14པའི་སྐབས་སུ། ལི་ཅི་ཧེང་གིས་མེ་སྐྱོན་མྱུར་སེལ་ལས་ཀའི་གྲོས་ཚོགས་བསྡུས་ནས། གོམ་རིམ་འོག་མའི་མེ་སྐྱོན་མྱུར་སེལ་ལས་ཀར་བླང་བྱ་བཏོན་པ་སྟེ། གཅིག་ནི་མེ་སྐྱོན་མྱུར་སེལ་གྱི་རྗེས་མཐུད་ལས་ཀ་ཡག་པོ་སྒྲུབ་དགོས། གཉིས་ནི་མིའི་ཚེ་སྲོག་དེ་ཨང་དང་པོར་བཞག་ནས། ནུས་ཤུགས་ཡོད་རྒུས་གནོད་ཐེབས་མི་སྣ་སྒྲིག་བཤེར་སྔོག་འཚོལ་བྱས་ཏེ། མེ་སྐྱོན་གྱིས་བཏོད་པའི་གནོད་པ་དེ་ཉུང་གང་ཐུབ་བྱེད་དགོས། གསུམ་ནི་ནུས་ཡོད་ཀྱི་བྱ་ཐབས་སྤྱད་ནས་སྤྱི་ཚོགས་ཀྱི་དོ་དམ་ཡག་པོ་བྱས་ཏེ། མེ་སྐྱོན་ཐེབས་ཁུལ་དང་བོད་ཁུལ་ཡོངས་ཀྱི་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། བཞི་ནི་གླེང་ཕྱོགས་ཀྱི་སྣེ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། དུས་ཐོག་དང་ཁྱོན་ཡོངས། མུ་མཐུད་པའི་ངང་གནོད་སྐྱོན་བྱུང་ཚུལ་དང་མེ་སྐྱོན་མྱུར་སྐྱོབ་ལས་ཀའི་གནས་ཚུལ་ཁྱབ་བསྒྲགས་བྱེད་པ་དང་། དུས་ཐོག་ཏུ་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་སློག་པ་དང་སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་སྣེ་ཁྲིད་ཡག་པོ་བྱེད་དགོས། ལྔ་ནི་མེ་སྐྱོན་བྱུང་རྐྱེན་ལ་བརྟག་ཞིབ་བྱེད་རྒྱུར་དམ་འཛིན་བྱེད་དགོས་པ་དང་དངོས་ཐོག་བདེན་འཚོལ་གྱིས་མེ་སྐྱོན་བྱུང་རྐྱེན་རྩད་ཆོད་མཐའ་གསལ་བྱེད་དགོས། དྲུག་ནི་མེ་སྐྱོན་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་ཀ་ཁག་སྒྲུབ་དགོས་པ་དང་། མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་ཡག་པོ་བྱེད་དགོས། མེ་སྐྱོན་བྱུང་ཁུལ་གྱི་གནོད་ཐེབས་ཚུལ་གྱི་ཞིབ་བསྡུར་ལས་ཀ་ཡག་པོ་སྒྲུབ་དགོས་ཤིང་།གནོད་སྐྱོན་ཐེབས་ཚུལ་ལ་ཞིབ་བསྡུར་བྱས་པའི་རྨང་གཞིའི་ཐོག་མགྱོགས་མྱུར་གྱིས་ཁྲིམས་ལྟར་བདག་སྤྲོད་སྐྱིན་ཚབ་སྤྲོད་པའི་ལས་ཀ་སྒྲུབ་དགོས། ཁུལ་དང་རྫོང་ཏང་ཨུ་སྲིད་གཞུང་གིས་མེ་སྐྱོན་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་ཀའི་འཆར་གཞི་ཡག་པོ་བཟོ་དགོས་པ་དང་། གནའ་མཁར་དེ་སྔ་ཙམ་དེ་སྔའི་གསོན་ཉམས་ཡང་བསྐྱར་མངོན་དུ་འཇུག་དགོས། བདུན་ནི་ཞིང་ཆེན་ཡོངས་དང་ས་གནས་ཁག་གི་སྡེ་ཁག་སོ་སོ་ཡིས་ཏན་ཏིག་གིས་ཐེངས་འདིའི་མེ་སྐྱོན་གྱི་བསླབ་བྱ་བསྡུ་ལེན་བྱས་ནས།གྲོང་མཁར་གྱི་མེ་འགོག་དང་ནགས་ཚལ་གྱི་མེ་འགོག་ལས་ཀ་དང་ལས་རིགས་ཁག་གི་བདེ་འཇགས་ལས་ཀ་ཡག་པོ་སྒྲུབ་དགོས།

གྲོས་ཚོགས་ཐོག ཞིང་ཆེན་གྱི་འགོ་འཛིན་གཞོན་པ་དབྱིན་ཅན་ཡེ་ཡིས་གོམ་རིམ་འོག་མའི་མེ་སྐྱོན་འགོག་སེལ་ལས་ཀར་བསམ་འཆར་དང་གྲོས་གཞི་བཏོན་པ་རེད། ཞིང་ཆེན་སྲིད་གཞུང་གི་དྲུང་ཆེན་མའོ་ཝིང་གོ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་ལྷན་དུ་མེ་སྐྱོན་ཐེབས་ཁུལ་དུ་ཞུགས་པ་དང་གྲོས་ཚོགས་སུ་ཞུགས་པ་རེད།

བདེ་ཆེན་ཁུལ་ཏང་ཨུའི་ཧྲུའུ་ཅི་ཀྲང་ཏིང་ལིའང་གིས་མེ་སྐྱོན་མྱུར་སེལ་ལས་ཀའི་སྙན་ཞུ་གནང་ཞིང་། གོམ་རིམ་འོག་མའི་མེ་སྐྱོན་མྱུར་སེལ་ལས་ཀར་ཞིབ་ཕྲའི་བླང་བྱའང་བཏོན་པ་རེད།

ཧོང་ཀྲེང་ཧུང་དང་མ་ཝུན་ལུང་། ལི་ཚང་ཀོང་། ཏུའུ་ཡུང་ཁྲུན་སོགས་རང་ཁུལ་གྱི་འགོ་ཁྲིད་གྲོས་ཚོགས་སུ་ཞུགས་པ་རེད།

ཚེས11ཉིན་གྱི་ཕྱི་དྲོའི་ཆུ་ཚོད16 གི་བར་དུ། མེ་གསོད་རུ་ཁག་དང་། བདེ་ཆེན་དུ་སྡོད་པའི་དྲག་ཆས་ཉེན་རྟོག ས་གནས་ཀྱི་ཡུལ་དམག ལས་བྱེད་མང་ཚོགས་བཅས་ཀྱིས་དཀའ་བ་ཁྱད་བསད་བྱས་འོག མེ་སྐྱོན་དེ་ཁྱོན་ཡོངས་ནས་བསད་ཚར་བ་དང་། མེ་སྐྱོན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱས་པ་རེད།

མྱུར་སེལ་བྱེད་ཆེད། ཚེས11ཉིན་གྱི་ཕྱི་དྲོའི་ཆུ་ཚོད6ཐོག ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སེམས་ཀྱི་ཉི་ཟླ་རྡོ་མཁར་རྫོང་གི་མེ་སྐྱོན་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི500གནང་བ་རེད།

དགོང་མོའི་ཆུ་ཚོད8པར་འཚོགས་པའི་བདེ་ཆེན་ཁུལ་གསར་འགྱུར་དྲིལ་བསྒྲགས་གཞུང་ལས་ཁང་གི་སེམས་ཀྱི་ཉི་ཟླ་རྡོ་མཁར་རྫོང“1.11”མེ་སྐྱོན་བྱུང་ཚུལ་ཐད་ཆེས་ཐོག་མའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་མེ་སྐྱོན་བྱུང་ཚུལ་ཁྱབ་བསྒྲགས་བྱས་པ་སྟེ། ཐེངས་འདིའི་མེ་སྐྱོན་གྱིས་ཁྱོན་བསྡོམས་རྡོ་མཁར་རྫོང་གི་ཚང་ཧྥང་དང་ཅིན་ལུང་། བྱང་སྒོ་བཅས་སྡེ་ཁུལ་གསུམ་གྱི་དུད་ཚང་335ལ་གནོད་སྐྱོན་ཐེབས་པ་དང་། དེའི་ནང་དུ་ཁང་པ་242མེས་འཚིག་ཅིང་། མེ་འགོག་བར་བཅད་གྱང་འཛུགས་རྐྱེན་ཁང་པ་43མེད་པར་བཟོས་ལ་ཁང་པ་50ཡི་ཐོག་བརྩེགས་མེད་པར་བཟོས་བ་རེད། ཐེངས་འདིའི་མེ་སྐྱོན་གྱིས་གྱོང་གུད་ཚབས་ཆེན་བཟོས་འདུག གནོད་ཐེབས་དུད་ཚང་གི་ཞིབ་ཕྲའི་འབོར་གྲངས་དེ་ཞིབ་བཤེར་བྱེད་བཞིན་པའི་སྒང་ཡིན། རྡོ་མཁར་རྫོང་གི་ཁང་ཁྱིམ་མང་པོ་མེས་འཚིག་པ་ལས་གཞན། རྡོ་མཁར་རྫོང་གི་རྨང་གཞིའི་སྒྲིག་ཆས་ལ་གྱོང་གུད་ཚབས་ཆེན་ཐེབས་པ་དང་། རིག་གནས་ཤུལ་དངོས་འབོར་ཆེན་དང་། ཐང་ག་སོགས་ཀྱང་མེས་འཚིག་པ་རེད། མེ་སྐྱོན་ལས་བྱུང་བའི་གྱོང་གུད་ཀྱི་གནས་ཚུལ་བསྡོམས་རྩིས་བྱེད་བཞིན་པའི་སྒང་ཡིན།


མེ་སྐྱོན་བྱུང་རྗེས་ཀྱི་རྡོ་མཁར་རྫོང་། (པད་མ་ཚེ་རིང་གིས་པར་བླངས།)

ཐོག་མའི་བརྟག་དཔྱད་བྱས་པ་གཞིར་བཟུང་ན། ཐེངས་འདིའི་མེ་སྐྱོན་བྱུང་ས་ནི་རྡོ་མཁར་རྫོང་གི་དཀྱིལ་སྨད་རྒྱུད་ཀྱི་རོའུ་དབྱིས་མགྲོན་ཁང་ཡིན་པ་དང་། མེ་སྐྱོན་བྱུང་བའི་རྒྱུ་མཚན་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན།

མིག་སྔར། གནོད་འཚེ་ཐེབས་པའི་དུད་ཁྱིམ335རིམ་བཞིན་བདེ་འཇགས་བཀོད་སྒྲིག་ས་ཚིགས་ནང་གནས་སྤོར་བྱས་ཡོད་ལ། གནོད་ཐེབས་མང་ཚོགས2600ལྷག་རྫོང་མཁར་གྱི་མགྲོན་ཁང་གསུམ་གྱི་ནང་དུ་བཀོད་སྒྲིག་བྱས་ཡོད། མེ་སྐྱོན་བརྟག་དཔྱད་ཚོ་ཆུང་གིས་གནོད་ཐེབས་ཀྱི་གནས་ཚུལ་ཐད་ཁྱིམ་ཚང་རེ་རེར་ཞིབ་ཕྲའི་རྩིས་བཤེར་བྱས་ནས་བསྡོམས་རྩིས་བྱེད་བཞིན་པའི་སྒང་ཡིན།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག