མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་བདེ་ཆེན་བོད་ཁུལ་གྱི་ས་ཁོངས་གོང་འཕེལ་དང་དབུལ་སྐྱོར་མཁྲེགས་གཏོར་ལས་ཀའི་སྐུལ་འདེད་གྲོས་ཚོགས་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-12-19 11:04

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས11ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་ཁུལ་གྱི་ས་ཁོངས་གོང་འཕེལ་དང་དབུལ་སྐྱོར་མཁྲེགས་གཏོར་ལས་ཀའི་སྐུལ་འདེད་གྲོས་ཚོགས་སེམས་ཀྱི་ཉི་ཟླ་རྫོང་མཁར་དུ་འཚོགས་པ། གྲོས་ཚོགས་ཀྱིས་བསྟན་དོན། གཏིང་ཟབ་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དོན་འཁྱོལ་བྱེད་ཅིང་། ཕྱོགས་ཡོངས་ནས་བདེ་ཆེན་བོད་ཁུལ་གྱི་གོང་འཕེལ་ནུས་ཤུགས་འདོན་སྤེལ་བྱས་ནས། རྒྱལ་ཡོངས་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱུང་བར་བྱེད་དགོས།

ཡུན་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཆིའུ་ཧོ་གྲོས་ཚོགས་སུ་ཞུགས་ཤིང་གསུང་བཤད་གནང་བ། ཞིང་ཆེན་གྱི་གཙོ་འཛིན་གཞོན་པ་ཧྲེན་ཕེ་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ། ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཏེང་ལིའང་གིས་སྙན་སེང་ཞུས་པ་རེད།

གྲོས་ཚོགས་ཐོག་འདང་ངེས་ཀྱིས་བདེ་ཆེན་བོད་ཁུལ་ཀྱི་ས་ཁོངས་གོང་འཕེལ་དང་དབུལ་སྐྱོར་མཁྲེགས་གཏོར་ལས་ཀ་འགོ་ཚུགས་ཚུན་གྱི་ལས་ཀའི་གྲུབ་འབྲས་ལ་གདེང་འཇོག་བྱས་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧུར་ཐག་ངང་ཀྲུང་དབྱང་གི་དགོངས་དོན་དོན་འཁྱོལ་བྱས་ཤིང་། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་ས་ཁོངས་དང་འབྲེལ་ལམ་འཛུགས་པ་དང་རྫོང་སོ་སོར་འབྲེལ་འདྲིས་བྱེད་པའི་ལམ་ལུགས་འཛུགས་ཏེ། རིགས་མཐུན་རོགས་སྐྱོར་གྱི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། ཏན་ཏིག་གིས་བདེ་ཆེན་བོད་ཁུལ་གྱི་ས་ཁོངས་གོང་འཕེལ་དང་དབུལ་སྐྱོར་མཁྲེགས་གཏོར་གྱི་ལག་བསྟར་འཆར་གཞིའི་རྣམ་གྲངས་ལ་སྐུལ་སྤེལ་བཏང་ནས། བདེ་ཆེན་བོད་ཁུལ་ལ་དབུལ་ཐར་ཕྱུག་འགྱུར་དང་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱུང་བར་རྨང་གཞི་བརྟན་པོ་འདིང་ཡོད།

“བདེ་ཆེན་བོད་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་དེ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི40ཡི་བདེ་སྐྱིད་དང་འབྲེལ་བ་དམ་པོ་ཡོད་པ་མ་ཟད། ད་དུང་རང་ཞིང་ཆེན་གྱིས་རྒྱལ་ཁབ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ལ་འབྲེལ་བ་དམ་པོ་ཡོད་པ། དཔལ་འབྱོར་གྱི་ལས་ཀ་དང་དམངས་འཚོའི་ལས་ཀ་ཡིན་པ་མ་ཟད། ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན་པ་རེད།”ཆིའུ་ཧོས་བསྟན་དོན། ས་ཁུལ་སོ་སོ་དང་། སྡེ་ཁག་སོ་སོ། རིགས་མཐུན་རོགས་སྐྱོར་ལས་ཁུངས་སོ་སོས་གཏིང་ཟབ་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་སྐོར་གྱི་ཕྲེང་བསྟར་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱས་ནས། ཐོན་ལས་ཀྱིས་སྐུལ་འདེད་བྱེད་ཤུགས་འབུར་དུ་ཐོན་ཞིང་། དམངས་འཚོ་ལེགས་བཅོས་ལ་དམིགས་ཏེ། རྣམ་གྲངས་ཀྱིས་ལས་ཀ་དངོས་སུ་འཛིན་པ་དང་ཚོང་རའི་ནུས་པ་འདོན་སྤེལ་བྱེད་པ། ཕྱོགས་སོ་སོའི་ནུས་ཤུགས་གཅིག་འགྲིལ་བྱས་ནས་ཤང་ཡོངས་དང་གྲོང་ཡོངས་སུ་སྐུལ་སྤེལ་གཏོང་བའི་ལས་ཀ་དམ་པོ་འཛིན་པ། མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་། སྐྱེ་ཁམས་ཐོན་ཁུངས་ཀྱི་གསར་སྤེལ། རིག་གནས་ཡུལ་སྐོར་གོང་འཕེལ་བཅས་ཁྱད་ཆོས་ལྡན་ཞིང་གནས་བབ་ཡག་པོའི་ཐོན་ལས་ལ་དམིགས་ནས། དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་རྒྱུན་འཁྱོངས་བྱེད་པ། ཤུགས་ཆེན་གྱིས་ཚན་རིག་དང་། སློབ་གསོ། འཕྲོད་བསྟེན་ལས་དོན་གོང་དུ་སྤེལ་བ་དང་ཡོང་སྒོ་ཇེ་མཐོར་འཕར་བར་སྐུལ་སྤེལ་གཏོང་དགོས། གྲོང་གསེབ་ཀྱི་འགན་སྲུང་རང་གཞིན་གྱི་བདེ་སྡོད་རྣམ་གྲངས་ལག་བསྟར་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། གཙོ་བོར་སྲིད་གཞུང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། གང་ལེགས་ཀྱིས་ཚོང་རའི་སྟོབས་ཤུགས་ཆེན་པོ་བེད་སྤྱོད་བཏང་ནས། རིགས་མི་འདྲ་བའི་ཐོན་ཁུངས་གྲུབ་ཆ་དང་ཚོང་རའི་གྲུབ་ཆ་གཙོ་བོ་བདེ་ཆེན་དུ་འཐེན་ནས་གཅིག་བསྡུས་བྱེད་དགོས། སྲིད་སྐྱོང་བྱས་རྗེས་ཀྱི་དཔྱད་ཞིབ་ལས་ཀར་ལེགས་སྒྲིག་བྱས་ནས་གཙོ་བོར་དབུལ་སྐྱོར་གསར་སྤེལ་གྱི་གྲུབ་འབྲས་ལ་དཔྱད་ཞིབ་བྱེད་དགོས། གོམ་གང་མདུན་སྤོས་ཀྱིས་ལས་ཀའི་སྤྱོད་ཚུལ་སྒྱུར་ནས་རྣམ་གྲངས་འཛུགས་སྐྲུན་གྱི་བརྒྱུད་རིམ་ཡོངས་སུ་ཞབས་འདེགས་ཞུ་བ་དང་ལྟ་སྐུལ་ཞིབ་བཤེར་ཤུགས་ཆེར་གཏོང་དགོས།

ཀྲང་ཏེང་ལིའང་གིས་གྲོས་ཚོགས་ཐོག་བདེ་ཆེན་གྱི་སྐབས་གསར་པའི་དབུལ་སྐྱོར་གསར་སྤེལ་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པ། ཁོང་གིས་གསུང་དོན། 《ཡུན་ནན་བོད་ཁུལ་གྱི་ས་ཁོངས་གོང་འཕེལ་དང་དབུལ་སྐྱོར་མཁྲེགས་གཏོར་འཆར་གཞི》ལག་བསྟར་བྱས་པ་ནས་བཟུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མཐའ་གཅིག་ཏུ《འཆར་གཞི》ལག་བསྟར་བྱེད་པ་དེ་གལ་ཆེའི་དམངས་འཚོའི་རྣམ་གྲངས་སུ་བཟུང་ནས་འཆར་གཞི་འགོད་པ་དང་སྐུལ་འདེད་བྱས་ཡོད། དབུལ་ཕོངས་ཀྱི་ཤང་གྲོང་དང་དབུལ་ཕོངས་ཀྱི་གྲོང་སྡེར་དབུལ་སྐྱོར་མཁྲེགས་གཏོར་གྱི་ལས་དོན་སྒྲུབ་ཡུལ་གཙོ་བོར་བཟུང་སྟེ། བརྟན་འཇགས་ངང་དབུལ་ཕོངས་མི་གྲངས་ཀྱི་བཟའ་བཏུང་དང་ཡོང་སྒོ་འཕར་བ་དམིགས་འབེན་དུ་བཟུང་བ། གཙོ་བོར་ཐོན་ལས་ཅན་གྱི་དབུལ་སྐྱོར་དང་གྲོང་གསེབ་ལག་རྩལ་གསོ་སྦྱོང་བྱས་ནས། ཏན་ཏིག་གིས་དབུལ་སྐྱོར་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། མུ་མཐུད་དུ་དབུལ་སྐྱོར་གསར་སྤེལ་ལས་ཀའི་བྱ་ཐབས་འཐུས་ཚང་དུ་བཏང་ཞིང་། སྐབས་གསར་པའི་དབུལ་སྐྱོར་གསར་སྤེལ་ལས་ཀར་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ཐོག་མར་དོན་དངོས་དང་མཐུན་ཞིང་ཁྱད་ཆོས་ལྡན་པ། ནུས་ཤུགས་གཅིག་འགྲིལ་གྱི་བདེ་ཆེན་བོད་ཁུལ་དབུལ་སྐྱོར་གསར་སྤེལ་གྱི་ལམ་བུ་གསར་པ་ཞིག་བཏོད་ཡོད།

ཡུན་ནན་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཆན་ཧེང་དབྱི་དང་། ཞིང་ཆེན་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུང་རེན་ལི་ཞིན་ཕིང་སོགས་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་། ཧྲང་ཧེ་གྲོང་ཁྱེར་རིགས་མཐུན་རོགས་སྐྱོར་བྱེད་མཁན་ལས་ཁུངས། ཞིང་ཆེན་ནང་གི་རིགས་མཐུན་རོགས་སྐྱོར་བྱེད་མཁན་ཁུལ་དང་གྲོང་ཁྱེར་གྱི་འགན་འཁུར་མི་སྣ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་མ་ཝུན་ལུང་དང་། ཁུལ་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཀྲུའུ་རེན་ལི་ཚན་ཀོང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཏུའུ་ཡུང་ཁྲུན། ཁུལ་ཨུའི་རྒྱུན་ཨུའམ་སེམས་ཀྱི་ཉི་ཟླ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ཡུས་ཧྲིན་ཞང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ནོར་བུ་གཡང་འཛོམ་བཅས་གྲོས་ཚོགས་སུ་ཞུགས་པ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག