ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས7ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་སྲིད་གཞུང་དང་རྒྱལ་ཁབ་མངའ་ཁོངས་དང་འཆར་འགོད། དམངས་སྲིད་སོགས་སྡེ་ཁག་གིས་སྒྲིག་འཛུགས་བྱས་པའི་ཞིབ་དཔྱད་ཚོ་ཆུང་གིས་ས་འགུལ་ཐེབས་སར་སླར་གསོ་བསྐྱར་སྐྲུན་བྱས་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་རེད།
ཞིབ་དཔྱད་ཚོ་ཆུང་གིས་སྔ་རྗེས་སུ་ཉི་ཤར་ཤང་བདེ་སྐྱིད་གྲོང་སོགས་ས་འགུལ་ཐེབས་སར་ཟབ་ཞུགས་བྱས་ནས། ཡུལ་དངོས་སུ་སླར་གསོ་བསྐྱར་སྐྲུན་ལས་ཀ་སྒྲུབ་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཤང་སྲིད་གཞུང་གི་འགན་འཁུར་བས་སླར་གསོ་བསྐྱར་སྐྲུན་ལས་ཀའི་སྐོར་གྱི་བསམ་འཆར་དང་གྲོས་གཞི་ཉན་པ་རེད།
ཞིབ་དཔྱད་ཚོ་ཆུང་གིས་བསྟན་དོན། ས་འགུལ་བྱུང་རྗེས། སེམས་ཀྱི་ཉི་ཟླ་རྫོང་གི་སྡེ་ཁག་སོ་སོས་ཧུར་ཐག་ངང་ཡོམ་འགོག་རྒུད་སྐྱོབ་ཀྱི་སྐུལ་བརྡ་དང་ལེན་བྱས་ནས། གོ་རིམ་ལྡན་པའི་ངང་ཡོམ་འགོག་རྒུད་སྐྱོབ་ཀྱི་ལས་ཀ་སྒྲུབ་ཡོད། གཞན་ཡང་སྡེ་ཁག་སོ་སོ་ཡིས་མང་ཚོགས་ཀྱི་བསམ་ཕྱོགས་ལ་གཞིགས་ནས། སྔར་ལས་ལྷག་པར་གྲོས་གཞི་གཅིག་གྱུར་བྱས་པ་དང་།ཤང་དང་གྲོང་སྡེའི་བར་གྱི་འཆམ་མཐུན་དང་ལྟ་ཞིབ་སོགས་ལས་ཀ་ཡག་པོ་སྒྲུབ་ཅིང་། ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་ཀ་ཁག་ཡག་པོ་སྒྲུབ་རྒྱུའི་རེ་བ་བཏོན་པ་རེད། །