མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གི་ཞིང་ལས་ཐོན་ལས་བརྟན་བརླིང་ངང་འཕེལ་རྒྱས་བྱུང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-06 10:47

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་དེང་རབས་ཀྱི་ཞིང་ལས་འཕེལ་རྒྱས་གཏོང་བ་ཁ་ཕྱོགས་སུ་འཛིན་པ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་ཡང་དག་པ་བཟུང་ནས། ཞིང་ལས་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་བ་དང་། དགེ་མཚན་ལྡན་པའི་ཐོན་ལས་གསོ་སྤེལ་བྱས་པ། ཞིང་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ། ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་བ་སོགས་བྱས་ཏེ། མུ་མཐུད་ནས་འབྲུ་རིགས་ཀྱི་ཐོན་འབབ་འཕར་སྣོན་བྱུང་ཞིང་། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གྱུར་བ། དམངས་འཚོ་ལེགས་བཅོས་བྱུང་ལ། ཞིང་སྡེ་ལ་འཆམ་མཐུན་བརྟན་བརླིང་གི་རྣམ་པ་བཟང་བོ་བྱུང་སྟེ། ཞིང་ལས་རྨང་གཞི་དེ་སྔར་ལས་ལྷག་པར་སྲ་བརྟན་དུ་བཏང་ཡོད།

རྫོང་འདིས་དར་འབུ་ཐོན་ལས་སྲ་བརྟན་དུ་གཏོང་བ་དང་། སྟར་ཀའི་ཐོན་ལས་རྒྱ་བསྐྱེད་གཏོང་བ། ནས་དང་དུ་བའི་ཐོན་ལས་འཕེལ་རྒྱས་གཏོང་བ། ས་བབ་ཀྱི་དགེ་མཚན་དང་བསྟུན་ནས་རྒུན་འབྲུམ་གྱི་ཐོན་ལས་དང་། མཐོ་སྒང་གི་འབྲི་གཡག བོད་ཕག ཉི་ཤར་བྱ་སོགས་གཙོ་བྱས་པའི་གསོ་སྤེལ་ལས་རིགས་ཀྱི་ཞིང་ལས་ཐོན་ལས་ཀྱི་སྒྲིག་གཞིའི་བསམ་ཕྱོགས་དང་ཟུང་འབྲེལ་བྱས་ཏེ། ལོ་མང་པོའི་རིང་ལ་ཧུར་བརྩོན་བྱས་མཐར། གནད་ཆེའི་འཕེལ་རྒྱས་ཀྱི་ཞོག་ཁོག་དང་། ནས། ཡུངས་དཀར། སྔོ་ཚལ་སོགས་ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་། འབྲི་གཡག བོད་ཕག ཉི་ཤར་བྱ་སོགས་ཁྱད་ལྡན་གསོ་སྤེལ་ལས་རིགས་ལ་མཐོ་སྒང་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོག་མའི་རྣམ་པ་ཞིག་གྲུབ་ཡོད་པ་རེད། རི་མ་ས་ཁུལ་དུ་གཙོ་བོར་སྟར་ཀ་དང་། སྲན་མ། སིལ་ཏོག སྨན་རྩྭ། སྔོ་ཚལ་གྱི་རིགས་འཕེལ་རྒྱས་བཏང་བ་དང་། འབྲི་ཆུའི་རྒྱུད་དུ་གཙོ་བོ་ནས་དང་། དར་འབུ། སྟར་ཀ དུ་བ། རྒུན་འབྲུམ། སྤྱི་གནོད་མེད་པའི་སྔོ་ཚལ་སོགས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་བཏང་ནས། ཁྱད་ཆོས་འབུར་དུ་ཐོན་པ་དང་། དགེ་མཚན་འབུར་དུ་ཐོན་པའི་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་ལས་སྐོར་ཞིག་འཕེལ་རྒྱས་བཏང་བ་རེད།

ཞིང་ཕན་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་ནས་ཞིང་ལས་ཀྱི་སྣེ་ཁྲིད་ཁེ་ལས་སྐོར་ཞིག་གསོ་སྤེལ་བྱས་ཡོད། བོད་འབྲུག་སྐྱེ་དངོས་དང་། རི་སྐྱེས་བཟའ་ཆས། འོ་མའི་ལས་རིགས། ཆང་ལས་ལས་རིགས་གསར་སྤེལ་བྱས་པས། ཞིང་ལས་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཇེ་མཐོར་སོང་ཡོད་ལ། ཁྲོམ་རའི་ཚོང་ཟོག་གི་ཚད་བཟུང་ཚད་རྒྱ་བསྐྱེད་བཏང་ཡོད།

མིག་སྔའི་བར་དུ། རྫོང་ཡོངས་སུ་ཁྲིམས་ལྟར་ཐོ་འགོད་བྱས་པའི་ཞིང་པའི་ཆེད་ལས་མཉམ་ལས་ཀྱི་རྩ་འཛུགས་དང་མཐུན་ཚོགས139ཡོད་པ་དང་། དེའི་ནང་འདེབས་འཛུགས་ལས་རིགས་ཀྱི་ཕྱོགས་སུ་རྩ་འཛུགས25དང་། གསོ་སྤེལ་ལས་རིགས་ཀྱི་ཕྱོགས་སུ་རྩ་འཛུགས47 གཞན་གྱི་དཔལ་འབྱོར་མཉམ་ལས་ཀྱི་རྩ་འཛུགས67ཡོད་ཅིང་། ཁོངས་མི་འཕེལ་རྒྱས་བྱུང་ནས་མི16473ལ་སླེབས་ཡོད། ཞིང་པའི་ཆེད་ལས་མཉམ་ལས་ཀྱི་རྩ་འཛུགས་དང་མཐུན་ཚོགས་འཕེལ་རྒྱས་བྱུང་བ་དེས་སེམས་ཀྱི་ཉི་ཟླའི་ཞིང་ལས་ཐོན་ལས་ཅན་བདེ་ཐང་ངང་འཕེལ་རྒྱས་བྱུང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག