མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་སྤྲོ་གསེང་གཏོང་མཁན་ལ་སྣེ་ལེན་བྱས་ཚད་གསར་མཐོ་བཏོད་པ།

རྩོམ་པ་པོ། ཡིག་བསྒྱུར། བསོད་ནམས་ཆོས་ལྡན།  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-10 10:29

              པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་འཁོར་ལོ་འཇོག་ས་ནང་དུ་རླངས་འཁོར་གྱིས་གང་ཡོད།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གུང་གསེང་ཡུལ་སྐོར་མཐུན་སྦྱོར་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས་མཁོ་སྤྲོད་བྱས་པའི་གཞི་གྲངས་ལས་མཚོན་གསལ།ཟླ10ཚེས1ཉིན་ནས་ཚེས7ཉིན་བར།ཁུལ་ཡོངས་ཀྱིས་ཁྱོན་བསྡོམས་སྤྲོ་གསེང་གཏོང་མཁན་མི་ཐེངས་ཁྲི་43.05སྣེ་ལེན་བྱས་ཤིང་།སྔ་ལོའི་དུས་མཚུངས་ལས23.7%འཕར་ཡོད།དེའི་ནང་ལས།ཞག་སྡོད་སྤྲོ་གསེང་གཏོང་མཁན་མི་ཐེངས་ཁྲི21.3ཟིན་ཡོད་ལ།ཉིན་གཅིག་ཡུལ་སྐོར་སྤྲོ་གསེང་གཏོང་མཁན་མི་ཐེངས་ཁྲི21.75ཡོད་ཅིང་།ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར2.3དངོས་སུ་གྲུབ་པ་དེ།སྔ་ལོའི་དུས་མཚུངས་ལས18%འཕར་ཡོད།ལྗོངས་ཁུལ་གཙོ་བོ་ཁག་གིས་སྤྲོ་གསེང་གཏོང་མཁན་ལ་སྣེ་ལེན་བྱས་ཚད་ཁྱོན་ཡོངས་ནས་མཐོ་རུ་འཕར་ཡོད།དེའི་ནང་ལས།པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་ཟླ10ཚེས4ཉིན་གཅིག་ལ་སྤྲོ་གསེང་གཏོང་མཁན་མི་ཐེངས12730ལ་སྣེ་ལེན་བྱས་པས།ལོ་རྒྱུས་ཀྱི་གསར་མཐོ་བཏོད་པ་རེད།

གུང་གསེང་སྐབས་སུ།ཡུལ་སྐོར་གྱི་ཟ་སྡོད་དང་ཉོ་ཚོང་།རོལ་རྩེད་སོགས་རྒྱུ་རྐྱེན་གཙོ་བོའི་འབྲེལ་ཡོད་ཞབས་འདེགས་ལས་རིགས་ཀྱི་འཛད་སྤྱོད་དེ་དམིགས་བསལ་གྱིས་མཐོ་རུ་འཕར་ཡོད་པ་དང་།ལྷག་པར་དུ་སེམས་ཀྱི་ཉི་ཟླའི་སྲོལ་རྒྱུན་ཚོང་རྫས་ཉོ་ཚོང་འདུ་ཚོགས་དང་རྟ་དྲེལ་ཉོ་ཚོང་འདུ་ཚོགས་སོགས་ཉོ་ཚོང་བྱེད་སྒོ་ཆེ་གྲས་འཛུགས་གཉེར་བྱས་པར་བརྒྱུད་ནས།སྡོད་དམངས་ཀྱི་འཛད་སྤྱོད་ལ་སྐུལ་འཐེན་ནུས་ཡོད་བྱས་ཤིང་།ཉིན་གཅིག་ཡུལ་སྐོར་སྤྲོ་གསེང་གཏོང་བའི་ཁྲོམ་རའང་གྲ་རྒྱས་པའི་གནས་ཚུལ་མངོན་ཡོད།

གུང་གསེང་སྐབས་ཀྱི་ཡུལ་སྐོར་སྣེ་ལེན་ལས་ཀ་ཡག་པོ་སྒྲུབ་པའི་ཆེད་དུ།ཁུལ་གུང་གསེང་ཡུལ་སྐོར་མཐུན་སྦྱོར་འགོ་ཁྲིད་ཚོ་ཆུང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བླང་བྱ་ལྟར།ཐོག་མཐའ་བར་གསུམ་དུ་ཡུལ་སྐོར་བདེ་འཇགས་དེ་འབུར་དུ་ཐོན་པའི་གོ་གནས་སུ་བཞག་པ་དང་།སྤྲོ་གསེང་གཏོང་མཁན་གྱི་བློ་ལ་བབ་ཚད་དེ་ལས་ཀའི་འགོ་ཚུགས་ས་དང་དམིགས་ཡུལ་དུ་འཛིན་ཏེ།ཡུལ་སྐོར་ཚོང་ར་ཚད་ལྡན་ཏུ་བཏང་བ་དང་།ཡུལ་སྐོར་ཚོང་རའི་དར་རྒྱས་དང་བརྟན་ལྷིང་ལ་སྲུང་སྐྱོང་ནུས་ཡོད་བྱས་པ་རེད།ཡུལ་སྐོར་ལས་རིགས་ཀྱི་འབྲེལ་ཡོད་སྡེ་ཁག་སོ་སོ་ནས་ཚབས་ཆེའི་ཉེན་ཁའི་འབྱུང་ཁོངས་ཀྱི་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་དང་།ཚབས་ཆེའི་མངོན་མེད་དོན་རྐྱེན་བཀོད་སྒྲིག་བྱས་པ་དང་མེད་པར་བཟོ་བ།སྔོན་འགོག་དང་ལྟ་སྐུལ་ཚོད་འཛིན།མཁོ་བསྟུན་མྱུར་སྒྲུབ་དང་སྙན་ཞུའི་ལམ་ལུགས་བཅས་ཀྱི་ལག་བསྟར་བྱེད་ཤུགས་ཆེ་བཏང་ཞིང་།ལྷག་པར་དུ་ལྗོངས་ཁུལ་ཁག་གིས་གལ་ཆེའི་ས་ཁོངས་ཀྱི་བདེ་འཇགས་འགོག་སྲུང་བྱ་ཐབས་ལག་བསྟར་གཟབ་ནན་བྱས་པ་དང་།ཡུལ་སྐོར་གྱི་མཐོ་རླབས་དུས་སུ་སྤྲོ་གསེང་གཏོང་མཁན་ནང་དུ་ཞུགས་པར་ཚོད་འཛིན་བྱས་པའམ་མི་སྣ་ཁག་བགོས་ནས་འགྲེམ་པ་རེད།འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ཞིང་།ཡུལ་སྐོར་རླངས་འཁོར་དང་སྒེར་གཏོང་རླངས་འཁོར་གྱི་ཁ་ལོ་བ་དང་སྡོད་མཁན་ལ་བདེ་འཇགས་སློབ་གསོ་བྱེད་རྒྱུར་དོ་སྣང་བྱས་པ་དང་།གཞུང་ལམ་གྱི་གནས་ཚུལ་དང་རླངས་འཁོར་གྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག