མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འཛམ་གླིང་གི་ཆེས་མཐོ་ཞིང་ཆེས་མཛེས་པའི་སྤྱི་ལེ་བརྒྱའི་ཐང་ཆེན་བང་རྩལ་འགྲན་བསྡུར་དེ་སེམས་ཀྱི་ཉི་ཟླར་སྤེལ་བ།

རྩོམ་པ་པོ། བསོད་ནམས་ཆོས་ལྡན།  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-09 10:28

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ10ཚེས1ཉིན་གྱི་སྔ་དྲོར། 2013ལོའི་སེམས་ཀྱི་ཉི་ཟླའི་རིམ་འདས་བང་རྩལ་འགྲན་བསྡུར་སེམས་ཀྱི་ཉི་ཟླ་རྫོང་རྡོ་མཁར་རྫོང་གི་ཟླ་འོད་ཐང་ཆེན་ནས་འགོ་ཚུགས་པ།རྒྱལ་ཁྱབ་ཕྱི་ནང་ནས་ཡོང་བའི་ཐང་ཆེན་བང་རྩལ་འགྲན་བསྡུར་དགའ་མཁན་མི་བརྒྱ་ལྷག་འགྲན་བསྡུར་དུ་ཞུགས་པ་རེད།

སྔ་དྲོའི་ཆུ་ཚོད10པའི་སྐར་མ35ཡི་ཐོག ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་མ་ཝུན་ལུང་གིས་འགྲན་བསྡུར་འགོ་ཚུགས་པའི་མེ་མདའ་འཕེན་པ་རེད།འགྲན་བསྡུར་དུ་ཞུགས་མཁན་བདམས་ཐོན་པ་སྔ་རྗེས་སུ་རྒྱུག་འགོ་ཚུགས་པའི་ཐིག་མཚམས་ནས་རྒྱུག་འགོ་ཚུགས་ཏེ།ཁོང་ཚོའི་ཆེས་མཛེས་ཤིང་ཆེས་མཐོ་བའི་ཐང་ཆེན་བང་རྩལ་འགྲན་བསྡུར་གྱི་གོམ་པ་དང་པོ་སྤོས་བ་རེད།

ཐེངས་འདིའི་སེམས་ཀྱི་ཉི་ཟླ་རྫོང་གིས་འཛུགས་གཉེར་བྱས་པའི་རིམ་འདས་བང་རྩལ་འགྲན་བསྡུར་དེའི་སྤྱི་ལེ100ཡི་འགྲན་བསྡུར་ཚོ་ཆུང་ལ་རྒྱལ་ཁབ་ཕྱི་ནང་གི་ཆེད་ལས་བདམས་ཐོན་པ20ལྷག་ནང་དུ་ཞུགས་ཡོད་ལ།སློབ་གྲྭ་དང་དམག་དཔུང་ནས་འདེམས་སྒྲུག་བྱས་པའི་ལུས་པོའི་བྱང་ཚད་ཡག་པོ་ཡིན་པའི་ལུས་རྩལ་བ་སྤྱི་ལེ10ཡི་འགྲན་བསྡུར་དུ་ཞུགས་པ་དང་།ལས་ཡུལ་དངོས་སུ་ཡོད་པའི་ལྟད་མོ་བས་མང་ཚོགས་ཉམས་ཞིབ་ཚོ་ཆུང་དུ་གྲུབ་ནས་སྤྱི་ལེ1.3ཡི་འགྲན་བསྡུར་དུ་ཞུགས་པ་རེད།སྔ་དྲོའི་ཆུ་ཚོད7པར་སྤྱི་ལེ100ཡི་ཚོ་ཆུང་གི་འགྲན་བསྡུར་དེ་གྲོང་ཚོ16དང་།ལྗོངས་ཁུལ6་བརྒྱུད་ནས།ཟླ་འོད་ཐང་ཆེན་ནས་རྡོ་མཁར་རྫོང་དང་།ཤྭ་ཁ་རི།ནགས་ཕག་མཚོ།ནགས་ཕག་མཚོའི་མཚོ་སྐོར་ལམ་བཅས་ལ་བརྒྱུད་ཏེ།མཐར་ཟླ་འོད་ཐང་ཆེན་དུ་སླེབས་པ་རེད།འགྲན་བསྡུར་གྱི་བརྒྱུད་རིམ་དུ་བདམས་ཐོན་པ་ཚོས་གངས་རི་དང་གྲོག་རོང་།རྩྭ་ཐང་།མཐོ་རིའི་མཚེའུ། གདོད་མའི་ནགས་ཚལ་དང་མི་རིགས་ཡུལ་སྲོལ་གོམས་འདྲིས་ཡུལ་ཚོ་བཅས་ལ་བརྒྱུད་ནས་ལམ་བར་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་ལོངས་སུ་སྤྱོད་པ་རེད།

ཁུལ་ཨུའི་རྒྱུན་ཨུ།སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཧྲུའུ་ཅི་ཡུས་ཧྲེང་ཞང་དང་།ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཕུའུ་ལུའུ་ཧྭ།ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སུང་ཐའོ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་།སེམས་ཀྱི་ཉི་ཟླ་རྫོང་སྲིད་གཞུང་གི་འགན་འཁུར་བ་ཞའོ་ཞུས་ཀྱིས་ཤིས་ཚིག་གསུང་བ་རེད།

མི་དེ་བས་མང་བ་ཞིག་ཐེངས་འདིའི་བྱེད་སྒོ་རུ་ཞུགས་སུ་འཇུག་པའི་ཆེད་དུ།ཐེངས་འདིའི་འགྲན་བསྡུར་གྱིས་ད་དུང་བྱ་དགའ་ཆེན་མོ་བཀོད་སྒྲིག་བྱས་ཡོད་དེ།སྤྱི་ལེ100ཡི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་མཁན་བདམས་ཐོན་པ་ལ་སྒོར་ཁྲི2ཀྱི་བྱ་དགའ་ཐོབ་པ་དང་།སྤྱི་ལེ10དང་སྤྱི་ལེ1.3གྱི་མང་ཚོགས་ཉམས་ཞིབ་ཚོ་ཆུང་དུ་ཞུགས་པའི་བདམས་ཐོན་པ་ལ་ལས་ཡུལ་དངོས་སུ་འགྲེམས་གཏོང་བྱས་པའི་དྲན་རྟེན་ཐོབ་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག