མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་ཆོས་ལུགས་ལས་རིགས་ཁག་གི་འཐུས་ཚབ་མི་སྣ་གྲོང་གསེབ་དུ་བསྐྱོད་ནས་འཆམ་མཐུན་ལ་སྐུལ་སྤེལ་བཏང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-09-25 10:13

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཆོག་མཆན་གནང་ཞིང་། 《བདེ་ཆེན་ཁུལ་ཆོས་ལུགས་ལས་རིགས་ཁག་གི་འཐུས་ཚབ་མི་སྣ་གྲོང་གསེབ་དུ་བསྐྱོད་ནས་འཆམ་མཐུན་ལ་སྐུལ་སྤེལ་གཏོང་བའི་ཇུས་འགོད》གཞིར་བཟུང་ནས། ཟླ9པའི་ཚེས7ཉིན་ནས་ཚེས8ཉིན་བར།  འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཡུལ་གསར་དགོན་པའི་བླ་མ་ངག་དབང་གྲགས་པས་ཆུ་མདོ་གྲོང་ཚོ་ནས་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་བའི་རྗེས་སུ།ཉེ་ཆར།  འབའ་ལུང་རྫོང་ཆོས་ལུགས་ལས་རིགས་ཁག་གི་འཐུས་ཚབ་མི་སྣ་བླ་མ་རང་འབྱུང་གིས་སེམས་ཀྱི་ཉི་ཟླ་རྫོང་ལྔ་ཤོག་ཤང་ཐོབ་ཐང་གྲོང་ཚོ་ནས་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་བ་དང་།  འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་དང་།  སེམས་ཀྱི་ཉི་ཟླ་རྫོང་ལྔ་ཤོག་ཤང་གི་བོད་རིགས་དང་། འཇང་རིགས། པའེ་རིགས་སོགས་དད་ལྡན་མང་ཚོགས2000ལྷག་སྨོན་ལམ་ནང་ཞུགས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན།  ཐེངས་འདིའི་སྨོན་ལམ་ཐོག་གཙོ་བོ་རྒྱལ་ཁབ་དར་ཞིང་རྒྱས་ལ་སྟོབས་འབྱོར་ལྡན་པ་དང་། མི་དམངས་རྣམས་བདེ་ཞིང་སྐྱིད་ལ་ཚེ་ཐག་རིང་བ། འབྲུ་རིགས་སྣ་ལྔའི་འབྲས་བུ་གཡུར་དུ་ཟ་ཞིང་། ཕྱུགས་ལ་གོད་ཁ་མེད་པའི་སྐྱབས་འཇུག་ཞུས་ཡོད།  དེ་དང་ཆགས་ཅིག གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ལ་བར་ཆད་མེད་པའི་སྐྱབས་འཇུག་ཀྱང་ཞུས་ཡོད། སྨོན་ལམ་ཐོག བླ་མ་རང་འབྱུང་གིས་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་དེང་སྐབས་ཀྱི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱེད་དགོས་པའི་འབོད་སྐུལ་གནང་ཞིང་། མི་དང་མིའི་བར། གྲོང་ཚོ་དང་གྲོང་ཚོའི་བར།  ཆོས་ལུགས་དང་ཆོས་ལུགས་ཁག་གི་བར།  མི་རིགས་དང་མི་རིགས་བར་གྱི་མཐུན་སྒྲིལ་ལ་ཤུགས་བསྣན་ན་ད་གཟོད་སྤྱི་ཚོགས་ཀྱི་འཆམ་མཐུན་ལ་སྲུང་སྐྱོབ་བྱེད་ཐུབ་ཅེས་གསུངས།  གྲྭ་བཙུན་རྣམས་ཀྱིས་མེས་རྒྱལ་དང་ཕ་མ་རྣམས་ཀྱི་བཀའ་དྲིན་མི་བརྗེད་པར། རྒྱལ་ཁྲིམས་བརྩི་སྲུང་བྱས་ནས་གྲྭ་བཙུན་ཚང་མས་ཁྲིམས་ལུགས་ཀྱི་ཆོག་མཆན་ཐོབ་པའི་ཁྱབ་ཁོངས་ནང་བྱེད་སྒོ་སྒྲུབ་དགོས།  བསམ་བློ་བཅིང་འགྲོལ་དང་། སྐབས་བསྟུན་མདུན་བསྐྱོད་ཀྱིས་ཐོན་སྐྱེད་འཕེལ་རྒྱས་ཀྱི་ཕྱོགས་ལ་ཧུར་བརྩོན་བྱས་ནས་འཚོ་བ་ལེགས་བཅོས་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ནས་ཕ་ཡུལ་གྱི་མཛེས་ཤིང་སྡུག་པའི་རི་ཆུ་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས།

སྨོན་ལམ་མཇུག་གྲིལ་རྗེས། བླ་མ་རང་འབྱུང་གིས་དམངས་སྒོར་ཁྲི3(སྨོན་ལམ་གྱི་འབུལ་བ་སྒོར་16000དང་། མི་སྒེའི་འབུལ་སྒོར14000)ས་འགུལ་གྱི་གནོད་ཐེབས་ས་ཁུལ་དུ་ཕུལ་ཞིང་། གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ཀྱིས་དཀའ་ངལ་ཁྱད་དུ་བསལ་ནས་ཁྱིམ་གཞིས་བསྐྱར་འཛུགས་བྱེད་པའི་ཐད་ལ་རང་ཉིད་ཀྱི་ནུས་ཤུགས་བཏོན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག