མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཀྲུང་གོའི་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་བདེ་ཆེན་ཁུལ་དུ་འཚམས་འདྲི་ཕེབས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2012-09-20 11:51

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས16ཉིན་ནས་ཚེས18ཉིན་བར་དུ། ཀྲུང་གོའི་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་དང་ལྕམ་མོ་ལེན་ཧྥང་ཡས་གཉིས2012ལོའི་སྐབས་དང་པོའི་ཡུན་ནན་དང་ཐའེ་ཝན་ས་ཁུལ་གྱི་ཉོ་ཚོང་རིག་གནས་བརྗེ་རེས་མཉམ་ལས་དཔྱད་གླེང་ཚོགས་འདུའི་མཛད་སྒོ་སྟེང་ཞུགས་རྗེས། ཀྲུང་གུང་ཡུན་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཁྲོའུ་ཧོ་ཡིས་འགྲོ་རོགས་འོག  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་འཚམས་འདྲི་ཕེབས།  ལྟ་ན་སྡུག་པའི་བདེ་ཆེན་མཐོ་སྒང་གི་མཛེས་ལྗོངས་དང་།   བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ཡིན་པ་མཐོང་དུས་ལེན་ཀྲན་འཁོར་དང་བཅས་པ་བག་ཆགས་ལེགས་པོ་བཞག

 ཚེས17ཉིན་གྱི་མཚན་མོར།  ཀྲུང་གུང་ཡུན་ནན་ཞིང་ཆེན་ཏང་ཨུ་དང་། བདེ་ཆེན་ཁུལ་ཏང་ཨུ། བདེ་ཆེན་ཁུལ་སྲིད་གཞུང་བཅས་ཀྱིས་སེམས་ཀྱི་ཉི་ཟླ་རྫོང་ནས་སྐྱེལ་མའི་གསོལ་སྟོན་བཤམས་པ་དང་།  ཁྲོའུ་ཧོ་ཡིས་སྔོན་ཆད་ཚང་མའི་མིག་ལམ་དུ་ཡུན་ནན་ཞིང་ཆེན་ནི་ཀྲུང་གོའི་ལྷོ་ནུབ་མཐའ་མཚམས་ས་ཁུལ་དུ་ཆགས་ཡོད་པ་དང་།  སྤྱི་ཚོགས་དཔལ་འབྱོར་ཧ་ཅང་དབུལ་ཕོངས་ཡིན་པར་བསམ་ཡོད།  འོན་ཀྱང་འཛམ་གླིང་ཧྲིལ་བོའི་དཔལ་འབྱོར་གཞི་གཅིག་ཅན་དུ་གཏོང་བའི་གོམ་ཁ་ཇེ་མགྱོགས་སུ་སོང་བས།  མི་རྣམས་ཀྱིས་ཡུན་ནན་ས་ཁུལ་ལ་བཅངས་པའི་ཤེས་རྟོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་།  ཡུན་ནན་ས་ཁུལ་ནི་གླིང་ཆེན་ཨ་ཤེ་ཡའི་ས་གཤིས་ལྟེ་གནས་ཡིན་ལ། ཁོན་མིན་གྲོང་ཁྱེར་ནི་ཧྥན་ཡ་ལྕགས་ལམ་དང་གླིང་ཆེན་ཨ་ཤེ་ཡ་དང་གླིང་ཆེན་ཡོ་རོབ་སྐམ་སའི་ཟམ་ཆེན་གྱི་འབྲེལ་མཚམས་ཡིན་པ་བཅས་ཡུན་ནན་ཞིང་ཆེན་ནི་ཀྲུང་གོས་གླིང་ཆེན་ཨ་ཤེ་ཡའི་ལྷོ་མ་དང་། གླིང་ཆེན་ཨ་ཤེ་ཡའི་ཤར་ལྷོ་ས་ཁུལ་ལ་སྒོ་འབྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་གཙོ་བོ་དང་དུ་བླངས་ཡོད་པར་བསྟན།

ལེན་ཀྲན་གྱིས་ཤེས་ཚིག་ཕུལ་དུས་བཤད་རྒྱུར།  ཁོ་དང་ལྕམ་མོ་གཉིས་ཡང་བསྐྱར་ཡུན་ནན་ཞིང་ཆེན་ལ་འཚམས་འདྲི་བྱེད་དུ་ཡོང་བར།  ས་གནས་ལས་རིགས་སོ་སོས་སྣེ་ལེན་ལེགས་པོ་སེམས་འགུག་ཐེབས་ཡོད་པ་དང་།  ཁོས་ཡུན་ནན་ཞིང་ཆེན་གྱི་སྤྱི་ཚོགས་འཕེལ་རྒྱས་སྔར་ལས་ཇེ་བཟང་དུ་སོང་ཡོད་པ་མཐོང་དུས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ལ།  ཡུན་ནན་ཞིང་ཆེན་ནི་ཀྲུང་གོས་གླིང་ཆེན་ཨ་ཤེ་ཡའི་ལྷོ་མ་དང་།  གླིང་ཆེན་ཨ་ཤེ་ཡའི་ཤར་ལྷོ་ས་ཁུལ་ལ་སྒོ་འབྱེད་པའི་གོ་རིམ་ཁྲོད་ནུས་པོ་ཆེན་པོ་འདོན་ནུས་པར་ཡིད་ཆས་བརྟན་པོ་ཡོད་ཟེར།  །