ཀྲུང་གོ་བོད་ཀྱི་དྲ་བ།

འབད་འཐབ་དངོས་སྒྲུབ་དོན་དུ་གཉེར། ལང་ཚོའི་གླུ་དབྱངས་མཐོན་པོར་བླངས།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚོགས་རྩ་འཛུགས་ཀྱིས་གཞོན་ནུ་ལོ་ཆུང་གི་ལས་དོན་ལ་ཤུགས་སྣོན་བརྒྱབ་པའི་སྐོར་བཀོད་པ།

འདི་ནི་སློབ་སྟོན་དགེ་རྒན་གྱི་སྣེ་ཁྲིད་འོག རྒྱ་ཚ་རྫོང་སློབ་འབྲིང་གི་སློབ་མ་ཚོས་འགག་གསུམ་ཆུ་རགས་ཆེན་པོའི་ཐན་ཙི་ལིང་གླིང་ཁུལ་དུ་རྒྱལ་ཁབ་ཆེན་པོའི་མཆོག་ནོར་ཤེས་རྟོགས་བྱེད་བཞིན་པ།

གུང་གཞོན་སྡེ་ཚོགས་ལྷོ་ཁ་གྲོང་ཁྱེར་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་འཚོགས་ཚུན། ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚོགས་རྩ་འཛུགས་ཀྱིས་རྒྱ་ཆེའི་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། “ཏང་ཐུགས་བློ་བདེ་བར་བཞུགས། རྒྱལ་སྟོབས་འཕེལ་བར་ང་ཡིས་འབད”ཅེས་པའི་ལང་ཚོ་ལེགས་སྐྱེས་འབུལ་བའི་དམ་བཅའ་ལག་ལེན་ཧུར་ཐག་བསྟར་ནས་འབད་བརྩོན་དང་། བློ་གྲོས། དཀའ་སྤྱད། འགན་འཁྲི་འཁུར་ཕོད་པ་བཅས་ལ་བརྟེན་ནས་དུས་རབས་གསར་པའི“ལང་ཚོའི་གླུ་དབྱངས”ཡང་ཡང་བླངས་ཡོད།

གཞོན་ནུ་ལོ་ཆུང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་རོགས་རམ་བྱེད་པའི“སློབ་ཚན་ཐེངས་གཉིས་པ”ཡག་པོ་འཚོགས་ཆེད། ཉེ་ཆར། དབྱི་ཁྲང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དྲུག་པ་དང་། གུང་གཞོན་སྡེ་ཚོགས་རྒྱ་ཚ་རྫོང་ཨུད། སློབ་གསོ་ཅུས་སོགས་ཀྱིས་མཉམ་དུ་རྒྱ་ཚ་རྫོང་སློབ་འབྲིང་གི་དགེ་སློབ་91སྒྲིག་འཛུགས་བྱས་ནས་ཧུའུ་པེའི་དབྱི་ཁྲང་དུ“དབྱི་ཁྲང་དང་རྒྱ་ཚ་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི”ཞིབ་འཇུག་སློབ་སྦྱོང་རྒྱ་ཆེར་སྤེལ་བའི་བྱེད་སྒོ་སྤེལ་བ་དེས་གཞོན་ནུ་ལོ་ཆུང་གི་ལྟ་རྒྱ་ཆེ་རུ་ཕྱིན་པ་དང་། ཤེས་བྱ་མང་དུ་འཕེལ་བ། ལག་ལེན་གྱི་འཇོན་ཐང་ཆེ་རུ་ཕྱིན་པ་མ་ཟད། ས་ཆ་གཉིས་ཀྱི་གཞོན་ནུ་ལོ་ཆུང་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་ཡང་ཐེབས་ཡོད།

བསམ་བློས་ཁྲིད་སྟོན་བྱས་ནས་དུས་རབས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།

ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚོགས་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་མཐའ་འཁྱོངས་བྱས་ནས། གཞོན་ནུའི་བསམ་བློའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ཏེ་སྡེ་ཚོགས་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གིས་རིགས་པའི་གཞུང་ལུགས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་སྤྱོད་སྤེལ་བ། ཐོག་མའི་བསམ་འདུན་སྒྲུབ་པ་བཅས་ཀྱི་སློབ་གྲྭ་ཆེན་པོ་ཞིག་ཏུ་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ཡོད།

2022ལོར་གུང་གཞོན་སྡེ་ཚོགས་ལྷོ་ཁ་གྲོང་ཨུད་ཀྱིས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་བསམ་བློས་ཁྲིད་སྟོན་བྱ་རྒྱུ་མངོན་གསལ་དོད་པོར་བཞག་སྟེ། གྲོང་ཁྱེར་ཡོངས་ཀྱི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུ“གཞོན་ནུའི་སློབ་སྦྱོང་ཆེན་པོའི”དྲ་རྒྱའི་བརྗོད་དོན་གཙོ་བོའི་སྡེ་ཚོགས་ཀྱི་སློབ་ཚན་དུས་ཐེངས་13ནང་ཞུགས་སུ་བཅུག་པར། རིམ་རྩིས་བྱས་ན་མི་ཐེངས་ཁྲི་14ལྷག་ཙམ་ཟིན་ཏེ་སློབ་སྦྱོང་གི་ཁེབས་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ཏང་གི་ཚོཌ་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ཀྲུང་ཧྭ་མི་རིཌ་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུཌ་པའི་དྲ་ཐོག་གི་བྱ་དགའ་ཡོད་པའི་དྲིས་ལན་འདེབས་པའི་བྱེད་སྒོ་གསར་གཏོད་བྱས་ནས་སྤེལ་བར། རིམ་རྩིས་བྱས་ན་ཞུགས་མཁན་མི་གྲངས་47000ལྷག་ཙམ་དང་ལན་འདེབས་མཁན་མི་ཐེངས་ཁྲི་10ལྷག་ཙམ་ཟིན་ནས་གཞོན་ནུ་ཚོས་རང་འགུལ་ངང་སློབ་སྦྱོང་དང་། སྤྲོ་སྣང་ལྡན་པའི་ངང་སློབ་སྦྱོང་། སློབ་སྦྱོང་ནུས་ལྡན་ཡོང་བ་བཅས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། “ནུབ་རྒྱུད་འཆར་གཞིའི”དང་བླངས་པ་98སྒྲིག་འཛུགས་བྱས་ནས་གཞོན་ནུའི་མར་ཁེ་སི་རིང་ལུགས་པ་གསོ་སྐྱོང་འདུ་འགོད་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་ཏེ། དྲ་ཐོག་གསོ་སྦྱོང་དང་། ས་གནས་ས་ཐོག་གི་ལྟ་སྦྱོང་། མཛའ་མཐུན་བཞུགས་མོལ་སོཌ་ཀྱི་རྣམ་པ་བརྒྱུད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས་གཞོན་ནུའི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་ཧུར་ཐག་བཏང་ཡོད།

འགན་འཁྲི་འཁུར་ཕོད་པ་དེ་ལང་ཚོ་ལེགས་སྐྱེས་འབུལ་བའི་རྒྱུགས་ལན་དུ་བརྩིས་པ།

ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱི་གཞོན་ནུ་དང་བླངས་པའི་ཚོགས་པ་སྣེ་གདོང་ཆུས་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་ཡོང་ནས“འགན་ལེན་ལྔའི་རྒན་རྒོན”ལ་སེན་མོ་འབྲེག་རོགས་དང་། སྐྲ་ཤད་རྒྱག་རོགས། གཙང་སྦྲ་བྱེད་རོགས། བདེ་ཐང་ཤེས་བྱ་འགྲེལ་བཤད་རྒྱག་པ་བཅས་བྱས་ཤིང་། ཁོངས་མིའི་གྲས་ཡིན་པའི་ཚེ་རིང་ནོར་བུས། སླད་ཕྱིན་དང་བླངས་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་ལ་ཧུར་ཐག་ཞུགས་ཏེ་གཅེས་སེམས་བཅངས་ནས་རོགས་རམ་མཁོ་མཁན་མི་དེ་བས་མང་བར་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

2022ལོར་གུང་གཞོན་སྡེ་ཚོགས་ལྷོ་ཁ་གྲོང་ཨུད་ཀྱིས་དུས་བདེའི་དང་བླངས་པ་43སྒྲིག་འཛུགས་བྱས་ནས“ལེ་ཧྥུང་གི་སྙིང་སྟོབས་སློབ་སྦྱོང་བྱས་ནས་དུས་བདེའི་ལྷོ་ཁ་བསྐྲུན་པའི”བདེ་འཇགས་སྐོར་གཡེང་བྱེད་སྒོ་ཐེངས་188སྤེལ་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་དམངས་ཀྱི་དཀའ་ངལ་སེལ་རོགས་བྱེད་པར་ནུས་པ་ཆེན་པོ་བཏོན་པ་དང་། “ནུབ་རྒྱུད་འཆར་གཞིའི”དང་བླངས་པ་42བསྡུས་ནས་ཡར་ཀླུང་ཚོང་འདུས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོར་ཞུགས་པ་མ་ཟད། ས་གནས་ས་ཐོག་ཏུ་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ། དང་བླངས་པ་15སྒྲིག་འཛུགས་བྱས་ནས“ལང་ཚོའི་དང་བླངས་ཀྱི་བྱ་སྤྱོད་སྤེལ་ཏེ། ཁྱིམ་དུ་ལོག་པར་དྲོ་སྐྱིད་སྦྱིན་པའི”བརྗོད་དོན་གཙོ་བོའི་དཔྱིད་གསར་སྐྱེལ་འདྲེན་གྱི“དགུན་དུས་དྲོ་སྐྱིད་སྦྱིན་པའི་བྱ་སྤྱོད”སྤེལ་བ། “ཡར་ཀླུང་ལ་དགའ་ཞེན་བྱས་ནས་ང་ཡིས་ཁྲག་སྦྱིན་གཏོང”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་ཧུར་ཐག་སྤེལ་ཏེ་གཅེས་སེམས་མཚོན་པའི་ཁྲག་སྦྱིན་བཏང་བ་རེད།

སྤྱི་ཚོགས་བཅོས་སྐྱོང་དང་། དམངས་འཚོའི་ཞབས་ཞུ། སྐྱེ་ཁམས་སྲུང་སྐྱོང་། འགྲན་ཚོགས་གྲབས་འཛུགས། བདེ་འཇགས་སྲུང་སྐྱོང་སོགས་ཀྱི་ལས་དོན་ཁག་བསྒྲུབ་ཡུལ་དུ་གཞོན་ནུ་དང་བླངས་པའི་གཟུགས་བརྙན་མཐོང་རྒྱུ་ཡོད་ཅིང་། ཁོང་ཚོས་དཀའ་སྤྱད་འབད་བརྩོན་དང་། བློ་གྲོས་འདོན་པ། སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་བ་སོགས་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་ལམ་བུར་རང་ཉིད་ཀྱི་ལང་ཚོ་སྐྱེས་སུ་ཕུལ་ཡོད།

ཁོར་ཡུག་ལེགས་སུ་བཏང་ནས་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱས་པ།

གཞོན་ནུ་ནི་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱི་རྨང་གཞི་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་ཞིང་། གཞོན་ནུའི་ལྟ་སྣང་མཐོང་ཕྱོགས་དང་། གཞོན་ནུའི་དགོས་མཁོ། གཞོན་ནུའི་ལངས་ཕྱོགས་བཅས་ཀྱི་ཐོག་ནས་ལས་དོན་ལ་སྤྱི་འདོམས་བྱས་ཏེ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་རྒྱུ་ནི་དུས་རབས་གསར་པའི་གཞོན་ནུའི་བྱ་གཞག་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད།

དེར་བརྟེན་ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚོགས་རྩ་འཛུགས་ཀྱིས་འབྲེལ་ཟམ་སྦྲེལ་ཐག་དང་། སྣེ་ཁྲིད་སྐུལ་ཁྲིད་ཀྱི་ནུས་པ་ཧུར་ཐག་བཏོན་ཏེ། སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་གཞོགས་འདེགས་བྱས་ཡོད།

2022ལོར་གུང་གཞོན་སྡེ་ཚོགས་ལྷོ་ཁ་གྲོང་ཨུད་ཀྱིས་གཙོ་གནད་གཞོན་ནུ་ལོ་ཆུང་20དང་དཀའ་ངལ་ཡོད་པའི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་103ལ་འཚམས་འདྲི་བྱས་ཏེ། ཁོང་ཚོར་སྒོར་ཁྲི་6ལྷག་ཙམ་རི་བའི་འཚམས་འདྲིའི་དངོས་པོ་བསྐྱལ་ནས་ཁོང་ཚོར་གདེང་ཚོད་དང་སྤྲོ་སྣང་འཕེལ་དགོས་པའི་ལྕག་སྐུལ་བྱས་པ་དང་། མ་དངུལ་སྒོར་ཁྲི་6.2བཏང་ནས་ཆེད་ལས་སྒྲིག་གཞི་གདན་དྲངས་ཏེ་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པ་དང་ལྷུན་རྩེ་རྫོང་སློབ་འབྲིང་སོགས་སློབ་གྲྭ་འབྲིང་ཆུང་བཞིའི་སློབ་མ་1010ལ་དྲ་ཐོག་ནས་སེམས་ཁམས་བདེ་ཐང་ཚད་ལེན་ཚོད་ལྟ་བྱས་ནས་གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱས་ཏེ་འབྲེལ་ཡོད་སེམས་ཁམས་གནད་དོན་སྔ་ཙམ་ཤེས་པ་དང་སྔ་ཙམ་བཅོས་རྒྱུར་ཐེ་ཇུས་བྱས་པ། ལས་གཏོད་གཞོན་ནུ་25སྒྲིག་འཛུགས་བྱས་ཏེ་ལྷོ་ཁ་གྲོང་ཁྱེར་གྱི་གཞོན་ནུའི་ལས་གཏོད་འཆད་ཁྲིད་དགེ་རྒན་གྱི་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་གཉེར་ནས་ཁོང་ཚོའི་ལས་ཞུགས་འདུ་ཤེས་ལ་འགྱུར་ལྡོག་གཏོང་རོགས་བྱས་ཏེ་ལས་ཞུགས་ལས་གཏོད་ཀྱི་ནུས་པ་དང་བྱང་ཚད་མཐོ་རུ་བཏང་བ། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ལོ་ཆུང་གདོང་ལེན་རུ་ཁག་གིས“ཕུགས་འདུན་དོན་གཉེར་བྱས་ནས་རྒྱང་ལམ་གསར་པར་སྐྱོད་པའི”བརྗོད་དོན་གཙོ་བོར་དམིགས་ཏེ། གསར་བརྗེའི་སློབ་གསོ་དང་། བདེ་ཐང་ཤེས་བྱ་ཁྱབ་གདལ། ཤིང་འཛུགས་ནགས་བཟོ་སོགས་རྣམ་པ་སྣ་ཚོགས་ཀྱི“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”བྱེད་སྒོ་སྤེལ་བར། གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་113དང་གཞོན་ནུ་ལོ་ཆུང་ཁྲི་2ལྷག་ཙམ་ཞུགས་ནས་སློབ་མ་ཚོའི་སློབ་སྦྱོང་གི་སྤྲོ་སྣང་དང་ཡར་བརྩོན་གྱི་སྟོབས་ཤུགས་འཕེལ་བ་རེད།

གུང་གཞོན་སྡེ་ཚོགས་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧུའུ་ཤིན་ཝུའེ་ཡིས“རྒྱ་ཆེའི་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་མཐུན་རྐྱེན་བསྐྲུན་རྒྱུ་དང་ཁོར་ཡུག་བཟང་པོ་གཏོད་རྒྱུ་ནི་སྔ་ཕྱི་བར་གསུམ་དུ་གུང་གཞོན་སྡེ་ཚོགས་ལས་དོན་གྱི་ཁ་ཕྱོགས་རེད”ཅེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།