ཀྲུང་གོ་བོད་ཀྱི་དྲ་བ།

ཚྭ་ཞིང་དང་ཆུ་ཚན་ལ་བརྟེན་ནས་ཕྱུག་འགྱུར་ལམ་བཟང་བཏོད་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་གིས་དེ་གར་ཡོད་པའི་ཚྭ་ཞིང་ལ་བརྟེན་ནས་ཡུལ་སྐོར་བ་མང་པོའི་ཡོད་དབང་བཀུག་ཡོད། དེ་གའི་མི་རབས་ནས་མི་རབས་བར་ཚྭ་ཞིང་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། དུས་རབས་ཀྱི་འཕོ་འགྱུར་དང་འགྲོགས་ནས་ད་ཆ་ཚྭ་ཞིང་དེའང་མཛེས་ལྗོངས་ཁྱད་དུ་འཕགས་པ་ཞིག་ཏུ་གྱུར་ཡོད།

འོན་ཀྱང་སྔོན་མ་ས་ཆ་དེའི་ཕྱོགས་གང་སར་བཙོག་ཆུ་དང་གད་སྙིགས་ཀྱིས་ཁེངས་ཤིང་། སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་ཆེད། སྨར་ཁམས་རྫོང་གིས་བཀོད་པ་སྒྱུར་བཀོད་ལེགས་གཏོང་དང་། ཆུ་ལམ་བཤངས་པ། སྔོ་ལྗང་དང་དཀར་གསལ་བཟོ་བ་སོགས་ཀྱི་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་རྡལ་ཆུང་ངུ་ཞིག་བསྐྲུན་ཡོད།

“ང་ཚོ་མི་རབས་ནས་མི་རབས་བར་ཆུའི་ཐོན་ཁུངས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ཁོར་ཡུག་སྒྱུར་བཀོད་བྱས་རྗེས་ཁང་པ་གསར་རྐྱང་ནང་སྡོད་རྒྱུ་བྱུང་ལ་ཆུ་ཀ་ལའང་ཁྱིམ་དུ་འཁྲིད་ཡོད་པས། ད་ནས་བཟུང་སྔོ་ཚལ་དང་གྱོན་གོས་འཁྲུ་སྐབས་གཙང་འགྲམ་དུ་འགྲོ་མི་དགོས་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་གྲོང་མི་བཀྲ་ཤིས་གཡང་འཛོམས་ཀྱིས་བཤད།

ཆུ་ཚན་ཁ་ཤང་ནི་ཆུ་ཚན་ལ་བརྟེན་ནས་སྐད་གྲགས་ཆོད་པ་ཞིག་རེད། ཤང་དུ་ཆེ་ཆུང་མི་འདྲ་བའི་ཆུ་མིག་ཁྱོན་108ཡོད། 2016ལོར་ཆུ་ཚན་ཁར་ཁྱད་ལྡན་གྲོང་རྡལ་ཆུང་ངུ་སྐྲུན་འགོ་ཚུགས་པ་ནས་བཟུང་། སྨར་ཁམས་རྫོང་གིས“འཆར་འགོད་ཆེ་མོ་དང་། གསར་སྤེལ་ཆེ་མོ། འཛུགས་སྐྲུན་ཆེ་མོ། རིག་གནས་ཆེ་མོ”བཅས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཏེ། ཆུ་ཚན་ཁ་ཤང་དེ་ཉིད“གངས་ལྗོངས་ཀྱི་ལྷ་ཆུ། ལུས་གསོའི་གནས་མཆོག”ཏུ་བསྐྲུན་རྒྱུ་དམིགས་ཚད་དུ་བྱས་ནས་འཆར་གཞི་དང་གོ་རིམ་ལྡན་པའི་ངང་ལས་དོན་ཁག་དོན་འཁྱོལ་དམ་འཛིན་བྱས་ཏེ་ཆུ་སྤུས་དང་ས་ཁོངས་ཀྱི་ཆུ་རྒྱུད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་བས། ཁོར་ཡུག་གཙང་ལ་མཛེས་པའི་ཆུ་ཚན་ལ་ཡུལ་སྐོར་བ་དེ་བས་མང་བའི་དགའ་བསུ་ཐོབ་ཡོད།

ན་ནིང“ལྔ་གཅིག”ངལ་གསོའི་རིང་ཆུ་ཚན་ཁ་ཤང་དུ་ཡུལ་སྐོར་བ་མང་དུ་ཕྱིན་ནས་ཡུལ་སྐོར་གྱི་ཚ་རླབས་གསར་པ་འཕྱུར། ཤང་ཡོངས་ཀྱིས་རིམ་རྩིས་བྱས་ན་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་5000ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་100ཙམ་བྱུང་ཡོད།

ད་ཆ་རྒུན་ཆང་དང་། ཚ་ལུ་མ་མངར་མོ། ཧུང་ལ་རི་བྱ་སོགས་ཡུལ་སྐོར་བས་དགའ་པོ་བྱེད་པའི་ཁྱད་ལྡན་ཚོང་ཟོག་ལ་གྱུར་ཅིང་། ཁྱད་ལྡན་ཡུལ་སྐོར་གྲོང་རྡལ་ཆུང་ངུ་བསྐྲུན་པར་བརྟེན། ཆུ་ཚན་ཁ་ཤང་གིས་ཐོན་ལས་དང་པོ་དེ་ཐོན་ལས་གསུམ་པར་ཕྱོགས་སྒྱུར་རིམ་སྤོར་ཐུབ་པས། མང་ཚོགས་ཀྱི་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་ཕྱིན་ནས། ཆུ་ཚན་ཁ་ཤང་ལ་ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་གསར་པ་དང་། ཐོན་ལས་གླིང་ཁུལ། སྐྱེ་ཁམས་ཞིང་ལས་ལྟ་སྐོར་ཁུལ། རྒྱལ་སྤྱི་ཅན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ། སྡོད་མལ་བདེ་སྐྱིད་གནས་བཅས་བསྐྲུན་པར་རྨང་གཞི་བཟང་པོ་བཏིང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།