ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ས་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གང་ལེགས་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔའི་བར་མཐོ་སློབ་སློབ་ཐོན་སློབ་མའི་དངོས་མིང་འགོད་པའི་ལམ་ལུགས་ཀྱི་མ་ལག་ལས་མངོན་པར། ལྷ་ས་གྲོང་ཁྱེར་ལ་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་7156ཡོད་པ་དང་མི་6931ལས་ཞུགས་ཐུབ་ནས་ལས་ཞུགས་ཐུབ་ཚད་96.86%ཟིན་པ་དང་། དེའི་ནང་ཁྲོམ་རར་ལས་ཞུགས་ཐུབ་ཚད་78.7%དང་ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད་11.6%ཟིན་ནས་རང་སྐྱོང་ལྗོངས་ཀྱི་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ཡོད།

ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་སྲིད་ཇུས་དྲིལ་བསྒྲགས་དང་། གློག་བརྙན་གྱི་དྲིལ་བསྒྲགས། བརྙན་འཕྲིན(རླུང་འཕྲིན)བཅར་འདྲི། ཤོག་ཐོག་དྲིལ་བསྒྲགས་སོགས་ཐབས་ལམ་མང་པོའི་དྲིལ་བསྒྲགས་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་ཆུང་མོ་སོགས་ལས་ཞུགས་ལས་གཏོད་ཀྱི་དཔེ་མཚོན་མི་སྣ་མི་50ཡི་ལས་རྗེས་དྲིལ་བསྒྲགས་བྱས་པ་དང་། ལྗོངས་ཕྱི་ནང་གི་ལས་ཞུགས་ལས་གཏོད་ཀྱི་དཔེ་མཚོན་དྲིལ་བསྒྲགས་པར་གཞི་པར་ལེན་བྱས་པ། སྲིད་ཇུས་དྲིལ་བསྒྲགས་ལག་དེབ་པར་འདེབས་བྱས་པ། སྐད་འཕྲིན་སྤྱི་རྟགས་དང་། རླུང་འཕྲིན་བརྙན་འཕྲིན། ཚགས་པར་སོགས་དྲིལ་བསྒྲགས་སྨྱན་སྦྱོར་སྣ་ཚོགས་བརྒྱུད“ལྔ་སྤེལ་གཅིག་སྐྱེལ”གྱི་དྲིལ་བསྒྲགས་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་ལ་ཁྱབ་པའི་དྲིལ་བསྒྲགས་མ་ལག་བཙུགས་པ་རེད། ད་ཆ་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་དེ་བས་མང་བ་ཞིག་གིས་གཞུང་ལས་པའི་ལས་གནས་ཁོ་ནར་གཙིགས་ཆེན་མི་བྱེད་པར་ཁྲོམ་རའི་ལས་ཞུགས་ལ་ཕྱོགས་བཞིན་ཡོད། ནུབ་བྱང་དགེ་འོས་སློབ་ཆེན་སྐྱེ་དངོས་ཚན་རིག་ཚན་ཁག་ནས་ཐོན་རྗེས། འཆི་མེད་གཡུ་སྒྲོན་གྱིས་ཐུང་ཝུའེ་ཉི་ནུས(ཁྲེང་ཏུའུ)ཚད་ཡོད་ཀུང་སི་དང་གན་རྒྱ་བཞག་པ་རེད།

མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་རོགས་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཆ་སྒྲིག་རོགས་སྐྱོར་གྱི་མིང་ཐོ་དང་འགན་འཁྲིའི་གསལ་ཐོ་པར་འགྲེམས་བྱས་པ་དང་གྲོང་ཁྱེར་ཡོངས་ཀྱི་ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་པ་དང་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་བ་3847གྱིས་མཐོ་སློབ་སློབ་ཐོན་སློབ་མ་7156ལ་ཆ་སྒྲིག་རོགས་སྐྱོར་བྱས་ཡོད། ཆ་འཕྲིན་ཅན་དང་དམངས་བདེ་ཅན་ལ་དམིགས་ཏེ་རིམ་པ་བཞིན་ལས་ཞུགས་ཞབས་ཞུའི་སྐད་འཕྲིན་ཚོགས་པ་བཙུགས་ནས་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ཚང་མར་ཁྱབ་པ་དང་། ལས་ཞུགས་ལས་གནས་དུས་ཐོག་སྦྲེལ་མཐུད་དང་ལས་ཞུགས་སྲིད་ཇུས་དྲིལ་བསྒྲགས་དང་འགྲེལ་བཤད་རྒྱག་པ། རིགས་ཁག་གི་ལས་ཞུགས་ཆ་འཕྲིན་2000ལྷག་ཙམ་ཡོངས་བསྒྲགས་བྱས་པ། དྲ་ཐོག་ཏུ་ལས་གནས་སྦྲེལ་མཐུད་བྱེད་སྒོ་160ལྷག་ཙམ་སྤེལ་བ་བཅས་ལས་བཟོ་ཡོངས་མཉམ་འགུལ་དང་ནུས་ཆེ་ལྷན་སྦྱར་གྱི་ཕྱོཌ་བསྡུས་ལས་ཞུགས་ཞབས་ཞུའི་ལས་སྟེཌ་ཤིག་བསྐྲུན་ཡོད།

ལྷ་ས་གྲོང་ཁྱེར་གྱིས་ལས་གནས་གསར་སྤེལ་གྱི་མཉམ་འབྲེལ་མཉམ་འགུལ་ལམ་སྲོལ་བཙུགས་ནས། ལས་གནས་གསར་སྤེལ་གྱི་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་པ་དང་། གྲོང་ཁྱེར་དང་རྫོང་སྲིད་གཞུང་གི་ལས་བགོས་འགན་གཉེར་འགོ་ཁྲིད་ཀྱིས་རུ་སྣེ་ཁྲིད་དེ་ལས་རིགས་སྡེ་ཚན་དང་དཔལ་འབྱོར་བྱེད་ནུས་ཁུལ་སོགས་འཐབ་ཕྱོགས་དང་པོར་བསྐྱོད་ནས། ཁེ་ལས་ལ་བཅར་འདྲི་བྱས་ཏེ་ལས་གནས་རྒྱ་ཆེར་གཏོང་བ་དང་། ལས་རིགས་ཀྱི་ཁོངས་གཏོགས་ཁུལ་དུ་གྲལ་བཤེར་དང་ལས་འཚོལ་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། ལོ་ཧྲིལ་པོར་ལྗོངས་ཕྱི་ནང་དུ་ལས་ཞུགས་ལས་གནས་ཁྲི་5ལྷག་ཙམ་བཏོད་ནས་པེ་ཅིང་དང་། ཅང་སུའུ། སི་ཁྲོན་སོགས་ཀྱི་ཤེས་ལྡན་མི་སྣའི་ཁྲོམ་ར་དང་མཉམ་ལས་བྱས་ཏེ། ལྗོངས་ཕྱིའི་ཁྲོམ་རའི་ལས་གནས་ཁྲི་1.3གསར་སྤེལ་དང་འོས་སྦྱོར་བྱས་པ་དང་འབྲེལ། རྒྱུན་གཏན་གྱི་ལས་མི་བསྡུ་བའི་ནང་བཅུག་པ་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུར་དམིགས་ནས། གཞི་རིམ་གྱི་ལས་གནས་1500ལྷག་ཙམ་གསར་སྤེལ་བྱས་པ་དང་ཆབས་ཅིག ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐག་གཅོད་ལ་སྤྱད་པ་རེད། ལས་མི་བསྡུ་སྟངས་རྙིང་པ་བསྒྱུར་ནས། ཁེ་ལས་རེ་རེ་བཞིན་ལ་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་། མི་རེ་རེ་བཞིན་ལ་ལས་ཞུགས་ལས་གནས་འོས་སྦྱོར་བྱེད་པ། དྲ་ཐོག་ནས་ངོ་རྒྱུགས་བཅས་ཀྱི་གནད་ལ་སྨིན་པའི་ལས་མི་བསྡུ་སྟངས་ལག་བསྟར་བྱས་པ་དང་། དྲ་ཐོག་དང་། ས་ཚིགས། ཆེད་དོན་སོགས་ཀྱི་ལས་མི་བསྡུ་བའི་བྱེད་སྒོ་280ལྷག་ཙམ(དེའི་ནང་དྲ་ཐོག་གདན་ཞུ་དང་། ཐད་གཏོང་ལས་གནས་ངོ་སྤྲོད། དྲ་རྒྱའི་ངོ་འཕྲད་རྒྱུགས་ལེན་བཅས་ཀྱི་བྱེད་སྒོ་ཐེངས་60ལྷག་ཙམ་ཚུད་པ)སྤེལ་བ། ལས་མི་བསྡུ་བར་བརྟེན་ནས་མི་6000ལྷག་ཙམ(དེའི་ནང་མཐོ་སློབ་སློབ་ཐོན་སློབ་མ་3600ལྷག་ཚུད་པ)ལས་ཞུགས་ཐུབ་རྒྱུར་སྦྲེལ་མཐུད་དང་རོགས་རམ་བྱས་པས། ལས་གནས་སྤྱོད་ཚད་དང་ལས་བསྡུའི་ཕན་འབྲས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད། ལོ་མཇུག་ཏུ་ལས་ཞུགས་ཀྱི་མཐའ་མའི་གདོང་མཆོང་གི་འགག་སྒྲོལ་བྱ་སྤྱོད་སྤེལ་ཏེ་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མ་རེ་རེ་བཞིན་ལ་དམིགས་ནས། བསམ་བློར་ཁྲིད་སྟོན་དང་ལས་གནས་སྦྲེལ་མཐུད་ཀྱིས་ཐོ་བསུབ་ཀྱི་དོ་དམ་བྱེད་སྟངས་ལ་བརྟེན་ཏེ་ལས་ཞུགས་ཐུབ་མེད་པའི་སློབ་ཐོན་སློབ་མ་1800ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་པ་རེད། མཐོ་སློབ་སློབ་ཐོན་སློབ་མ་700ལྷག་ཙམ་ལ་ལས་འཚོལ་དང་ངོ་རྒྱུགས་གཏོང་ཐབས་དང་། ལས་རིགས་ཀྱི་འཇོན་ཐང་། ལས་གཏོད་སོགས་ཀྱི་གསོ་སྦྱོང་བྱས་པ་དང་མི་400ལྷག་ཙམ་ལ་ལས་ཞུགས་རོགས་རམ་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།